Tibetan

From Buddha-Nature
བདེ་གཤེགས་སྙིང་པོ་ལ་བསྟོད་པ་དད་གུས་ཀྱི་གཏེར་ཆེན་པོ།
bde gshegs snying po la bstod pa dad gus kyi gter chen po
SOURCE TEXT

Back to text page ·   Switch to: Tibetan


བདེ་གཤེགས་སྙིན་པོ་ལ་བསྟོད་པ་དད་གུས་ཀྱི་གཏེར་ཆེན་པོ་ཞེས་བྱ་བ་བཞུགས་སོ།།

ཨོཾ་ཨཱ་ཧཱུཾ་ཧོཿ ཧཾ་ཀྵཿ རྗེ་བཙུན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་ཀུན་རྫོབ་ཆོས་རྣམས་ཀུན་གྱིས་གདོད་ནས་སྟོང་ཞིང་དག་པའི་གཞི། །ཆོས་ཉིད་དོན་དམ་རང་བཞིན་གཉུག་མའི་རང་བཞིན་འོད་གསལ་དེ་བཞིན་ཉིད། །སྐྱེ་མེད་དགག་མེད་འཕོ་འགྱུར་མེད་ཅིང་མཚན་མ་མེད་ལ་སྤྲོས་པ་མེད། །ཡོད་མིན་མེད་མིན་མཐའ་དང་བྲལ་བ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ། །

གང་ཞིག་གཅིག་མིན་དུ་མ་ཡང་མིན་རྟག་པ་མ་ཡིན་ཆད་པ་མིན། །སྟོང་པ་མ་ཡིན་མི་སྟོང་མིན་ལ་བདེན་མིན་རྫུན་པ་མ་ཡིན་པ། །གང་ཟག་མེད་ཅིང་ཆོས་ཀྱང་མེད་ཕྱིར་བདག་མེད་བདག་གི་མེད་པའི་དབྱིངས། །ཟབ་མོ་སྟོང་ཉིད་ཉེ་བར་ཞི་བ་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ། །

གང་ཞིག་རྟེན་ཅིང་འབྲེལ་བར་བྱུང་བའི་ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །སྐྱེ་མཆེད་མེད་ཅིང་བདེན་པ་མེད་ལ་གཟུང་བ་མེད་ཅིང་འཛིན་པ་མེད། །ཁམས་གསུམ་མེད་ཅིང་སྲིད་གསུམ་མེད་ལ་དུས་གསུམ་ཆོས་རྣམས་ཐམས་ཅད་མེད། །སྡུག་བསྔལ་ཀུན་འབྱུང་ལམ་དང་ཡེ་ཤེས་མེད་པ་ཁྱེད་ལ་ཕྱག་འཚལ་ལོ། །

ཁྱོད་ནི་ནམ་ཡང་ནམ་མཁའ་ལྟ་བུ་འགྱུར་བ་མེད་ཕྱིར་དེ་བཞིན་ཉིད། །ཀུན་རྟོག་མེད་ཅིང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞི་བའི་སླད། །ཁྱོད་ནི་མཚན་མ་མེད་པའི་དབྱིངས་ལགས་འཕགས་པའི་ཆོས་རྣམས་མ་ལུས་པའི། །རྒྱུ་དང་ཁམས་ལགས་དེ་ཡི་སླད་དུ་ཁྱོད་ནི་ཆོས་ཀྱི་དབྱིངས་ཀྱང་ལགས། །

འཕགས་པ་རྣམས་ཀྱི་སོ་སོ་རང་རིག་ཡེ་ཤེས་དམ་པའི་སྤྱོད་ཡུལ་སླད། །ཁྱོད་ནི་དོན་དམ་བདེན་པ་ཉིད་ལགས་ཕྱིན་ཅི་ལོག་དང་བྲལ་བས་ན། །ཨེ་མ་ཁྱོད་ནི་ཡང་དག་མཐའ་ལགས་མཐའ་དང་བྲལ་སླད་དབུ་མའང་ལགས། །ཀུན་ནས་ཉོན་མོངས་གཟོད་ནས་ཞི་སླད་མྱ་ངན་འདས་པའི་དབྱིངས་ཀྱང་ལགས། །

རང་བཞིན་འགྱུར་མེད་བདེ་བ་ཆེ་ལ་ཀུན་ནས་འཁྱུད་ཅིང་རྒྱས་འདེབས་ཕྱིར། །ཁྱོད་ནི་ཕྱག་རྒྱ་ཆེན་པོ་ཉིད་ལགས་དེ་བཞིན་ཁྱོད་ནི་སྟོང་ཆེན་ལ། །ཀུན་ནས་འཁྱུད་ཅིང་རྒྱས་འདེབས་སླད་དུ་ཕྱག་རྒྱ་ཆེན་པོ་ཉིད་ཀྱང་སྟེ། །རྒྱལ་བ་ཀུན་གྱི་ཡུམ་མཆོག་ཉིད་སླད་ཤེས་རབ་ཕ་རོལ་ཕྱིན་མའང་ལགས། །

མི་འགྱུར་མི་ཕྱེད་མི་ཤིགས་ཕྱིར་དང་སྲིད་གསུམ་གཅིག་པ་ཉིད་ཀྱི་ཕྱིར། །ཁྱོད་ནི་རྡོ་རྗེ་སེམས་དཔའ་མཆོག་ལགས་སྙིང་རྗེ་སྟོང་ཉིད་དབྱེར་མེད་ཕྱིར། །ཁྱོད་ནི་ཀྱེེ་ཡི་རྡོ་རྗེ་མཆོག་ལགས་དེ་བཞིན་ཐབས་དང་ཤེས་རབ་དག །གདོད་ནས་དབྱེར་མེད་རོ་མཉམ་འདྲེས་ཕྱིར་ཁྱོད་ནི་བདེ་མཆོག་འཁོར་ལོའང་ལགས། །

སྐུ་བཞི་དབྱེར་མེད་རོ་མཉམ་ཕྱིར་དང་བདེ་སྟོང་དབྱེར་མེད་ཟུང་འཇུག་སླད། །ཁྱོད་ནི་ཀཱ་ལ་ཙ་ཀྲ་མཆོག་ལགས་ཕོ་ཉ་ཀུན་གྱི་གསང་བ་དང་། །རྒྱལ་བ་ཀུན་གྱི་དཔལ་ཀུན་འདུས་སླད་ཁྱོད་ནི་གསང་བ་འདུས་པ་ཡང་། །བྱང་ཆུབ་སེམས་དང་ཡིད་སྐྱོབ་ཕྱིར་ན་ཁྱོད་ནི་ལྷ་དང་སྔགས་ཀྱང་ལགས། །

སངས་རྒྱས་ཀུན་གྱི་རིག་མ་ཉིད་སླད་སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །དབྱིངས་དང་ཡེ་ཤེས་ལྷན་ཅིག་སྐྱེས་སླད་ཁྱོད་ནི་ལྷན་ཅིག་སྐྱེས་སྦྱོར་ཏེ། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི་སླད་ཁྱོད་ནི་སྡུག་བསྔལ་ཞི་བྱེད་ཀྱང། །རྣལ་འབྱོར་ཀུན་གྱི་མཐར་ཐུག་ཉིད་སླད་ཤིན་ཏུ་རྣལ་འབྱོར་མཆོག་ཀྱང་ལགས། །

ཁྱོད་ནི་མཁའ་ལྟར་མཁའ་ལྟར་ཀུན་ལ་ཁྱབ་ཀྱང་ཆོས་རྣམས་ཀུན་གྱིས་གོས་མ་ལགས། །ཁྱོད་ནི་ཆོས་དབྱིངས་ཀུན་འགྲོ་ལགས་ཀྱང་ནམ་མཁའ་བཞིན་དུ་འགྲོ་འོང་མེད། །ཆོས་རྣམས་ཀུན་གྱི་གནས་སུ་གསུངས་ཀྱང་ཆོས་རྣམས་ཀུན་གྱིས་རྟག་ཏུ་སྟོང་། །རྟོགས་པར་དཀའ་ཞིང་རྣམ་པར་དཔྱད་དཀའ་བསམ་མི་ཁྱབ་པ་ཁྱོད་ལ་འདུད། །

སྐྱབས་མཆོག་ཁྱོད་ལ་འདི་འདྲའི་ཚུལ་གྱིས་ལན་གཅིག་ཙམ་ཡང་བསྟོད་བྱེད་ན། །བསོད་ནམས་ཚོགས་ཆེན་ཉེ་བར་བསྡུད་ཕྱིར་གཞན་དག་ལ་ཡང་སྟོན་པ་དང་། །མ་གཡེང་རྩེ་གཅིག་བསྒོམ་པར་བྱེད་པའི་བསོད་ནམས་བརླབས་ཆེན་སྨོས་ཅི་འཚལ། །དེ་ཕྱིར་ཀུན་གྱིས་འདི་དོན་རྫོགས་ཤིང་ཚུལ་བཞིན་བསྒོམ་ནས་སྟོན་པར་ཤོག །

ཅེས་པ་འདི་ནི་སྡེ་སྣོད་འཛིན་པ་ལྷ་མགོན་དཔལ་གྱིས་གསོལ་བ་བཏབ་པའི་ངོར། རྣམ་གྲངས་མང་པོ་ཅན་གྱི་དེ་བཞིན་ཉིད་ལ་ཤེས་ནས་དད་པ་ཐོབ་པའི་རྒྱལ་ཁམས་པས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་སྦྱར་བའོ།། །།