Abstracts

From Buddha-Nature

< 2023 Kathmandu Buddha-Nature Conference

Revision as of 07:01, 1 June 2023 by Marcus (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

June 1[edit]

9:00 AM - མཁན་པོ་ངག་དབང་བློ་གྲོས། སྨིན་གྲོལ་གླིང་།[edit]

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

ལ་སྟོད་དིང་རི་ཕ་དྲུག་ལྷོགས་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས་ཞིང་། ཆུང་བྱིས་པའི་དུས་སུ་ལོ་ངོ་བཞི་ཙམ་གྱི་རིང་འབྲིང་རིམ་སློབ་གྲྭར་ཕྱིན་པ་དང་། དེ་ནས་བཙན་བྱོལ་དུ་འོང་ནས་འཕགས་ཡུལ་བྱང་ཕྱོགས་དྷེ་ར་ལྡུན་འོག་མིན་ཨྱོན་སྨིན་གྲོལ་གླིང་དགོན་དུ་ཆོས་སྒོར་བཞུགས་ཏེ། གྲྭ་ཚང་དུ་ལོ་གསུམ་གྱི་རིང་ཐུན་མོང་རིག་གནས་དང་སྨིན་གླིང་མཐོང་བ་བརྒྱུད་པའི་ཕྱག་བཞེས་འདོན་ཆའི་སྐོར་སྦྱངས། ༧སྐྱབས་རྗེ་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་དང་། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། སྨིན་གླིང་བཤད་གྲྭ་ལ་འཛུལ་ཏེ་ལོ་དགུའི་རིང་གཞུང་ཆེན་བཅུ་གསུམ་ལ་བསླབ་པ་སློབ་གཉེར་བྱས་ནས་འཛིན་གྲྭ་མ་འཐོན་སྔོན་ལ་ལོ་གཉིས་ཀྱི་རིང་སྐྱོར་དཔོན་བྱས། དེ་ནས་༢༠༡༤ལོར་འཛིན་གྲྭ་འཐོན་ནས་ལོ་ངོ་བཞིའི་རིང་བཤད་གྲྭ་ལ་དཔེ་ཁྲིད་ཀྱི་དགེ་རྒན་དང་ལོ་གཅིག་བཤད་གྲྭའི་ཡིག་རྒྱུགས་དོ་དམ་པའི་འགན་འཁུར། ༢༠༡༨ ལོར་ ༧ སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་མཁོ་ཆེན་རིན་པོ་ཆེ་མཆོག སྨིན་གླིང་རྗེ་བཙུན་མ་མཁའ་འགྲོ་རིན་པོ་ཆེ་མཆོག་བཅས་དབུ་བཞུགས་ཐོག་སྨིན་གླིང་འདུས་སྤྱི་ནས་སློབ་དཔོན་བཅོ་ལྔ་ལ་མཁན་པོའི་མཚན་གནས་གནང་། དེ་ནས་བཤད་གྲྭ་ལ་ལོ་གསུམ་གྱི་རིང་ལ་དཔེ་ཁྲིད་ཀྱིས་ལས་འགན་ཞུས་པ་དང་། ལོ་གཅིག་བཤད་གྲྭའི་ཚོགས་གཞོན་གྱི་འགན་འཁུར།༧སྐྱབས་རྗེ་དར་ཐང་རིན་པོ་ཆེ་མཆོག་གི་བཀའ་བསྒྱུར་དཀར་ཆག་གི་ལས་གཞི་ཐོག་ལ་ཟླ་བ་བཞི་ཙམ་ཞིག་གི་རིང་ཞབས་ཏོག་ཞུས། རྣམ་གྲོལ་གླིང་དུ་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དྲུག་པ་ལ་དང་ཐེངས་བརྒྱད་པ་ལ་དཔྱད་རྩོམ་བྲིས་ནས་བགྲོ་གླེང་བྱས། ད་ལྟའི་ཆར་དགོན་པ་ནས་བལ་ཡུལ་ཀོ་པན་གྱི་ཉེ་འདབས་སུ་ཡོད་པའི་གཞལ་པ་དགོན་པ་ལ་དགེ་རྒན་ལ་བཏང་པ་བཞིན་དཔེ་ཁྲིད་བྱེད་དང་བྱེད་མུས་ཡིན་ལགས།

གཏམ་བཤད་བཅུད་དོན། Abstract[edit]

༄༅། །སེམས་ཅན་ཐམས་ཅད་ལ་ཁམས་ཡོད་པ་ལུང་རིགས་གཉིས་ཀྱི་སྒོ་ནས་སྒྲུབ་པ་དཔྱད་གླེང་བཞུགས་སོ། །

བསྐལ་མང་གོང་ནས་རྡུལ་བྲལ་མཚན་དཔེ་ལྡན་པའི་སྐུ། །
བཅོས་མིན་ཚུལ་སྤངས་ཟབ་ཅིང་རྒྱ་ཆེ་བདེན་པའི་གསུང་། །
རྣམ་མཁྱེན་ཡེ་ཤེས་ཟག་པ་མི་མངའ་འོད་གསལ་ཐུགས། །
ཐུབ་དབང་དྲང་སྲོང་ཆེན་པོར་སྒོ་གསུམ་གུས་པས་འདུད། །

ཅེས་མཆོད་ཡུལ་གོང་མ་རྣམས་ལ་བསྟོད་ཕྱག་སྔོན་དུ་བཏང་སྟེ་གང་ཞིག་གླེང་བར་བྱ་བའི་དམ་པའི་ཆོས་ཀྱི་རིམ་པ་ནི། སྔ་འགྱུར་རྙིང་མའི་དགོན་ཆེན་དྲུག་གི་ཡ་གྱལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་བདེ་གཤེགས་སྙིང་པོའི་སྐོར་ལ་བགྲོ་གླེང་གི་དུས་འདིར། དེ་བཞིན་གཤེགས་པའི་སྙིང་པོ་འགྲོ་བའི་རྒྱུད་ལ་ཡོད་པ་རིགས་པ་གསུམ་གྱི་སྒོ་ནས་གཏན་ལ་འབེབས་ཚུལ་སྐོར་ཅུང་ཟད་གླེང་བར་བྱ་བ་ལ། ༡ ཁམས་སམ་རིགས་འགྲོ་བའི་རྒྱུད་ལ་ཡོད་པ་ལུང་གི་སྒྲུབ་བྱེད་བཤད་པ། ༢ གཏན་ཚིགས་ཀྱི་སྒོ་ནས་མདོར་བསྟན་པ། ༣ དེ་ཡི་དོན་རྒྱས་པར་བཤད་པ། ༤ བདེ་གཤེགས་སྙིང་པོའི་མཚན་ཉིད་དེའི་ངོ་བོ་ཇི་ལྟར་བསྟན་པའི་ཚུལ། ༥ བཀའ་བར་མཐའ་གཉིས་ཀྱིས་གཉུག་སེམས་གཏན་ལ་འབེབས་ཚུལ་དགོངས་པ་འགལ་མེད་གནད་གཅིག་ཏུ་ངེས་པའི་རྒྱུ་མཚན་བཤད་པ་ལྔ་ལས།

དང་པོ་ནི། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། སྐོང་བཤགས་རྡོ་རྗེ་ཐོལ་གླུ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་། །འགྲོ་བ་དེ་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་དང་། །རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བརྟགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་སོ། གཉིས་པ་ནི། འབྲས་བུ་ལྟོས་པའི་རིགས་པ་དང་། ངོ་བོ་ཆོས་ཉིད་ཀྱི་རིགས་པ་དང་། རྒྱུ་བྱ་བ་བྱེད་པའི་རིགས་པ་དང་གསུམ་གྱིས་གྲུབ། དེ་ཡང་དང་པོ་འབྲས་རྟགས་དང་། ཕྱི་མ་གཉིས་རང་བཞིན་གྱི་རྟགས་ཡིན། དང་པོ་དག་པ་གཉིས་ལྡན་གྱི་འབྲས་བུ་རྟགས་སུ་བཀོད་ནས་ངོ་བོ་ཡེ་དག་གི་སངས་རྒྱས་ཡོད་པར་སྒྲུབ་ཅིང་། ངོ་བོ་ཡེ་དག་དང་། དག་པ་གཉིས་ལྡན་གྱི་སངས་རྒྱས་གཉིས་ལྡོག་ཆ་ཐ་དད་ཀྱི་སྒོ་ནས་འཇོག་གོ །སེམས་ཅན་སངས་རྒྱས་ཡིན་ཞེས་པ་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་པས་སེམས་ཀྱི་ཆོས་ཉིད་ཡིན་གྱི་དེའི་འབྲས་བུ་མིན་པས་རྒྱུ་ལ་འབྲས་གནས་ཀྱི་སྐྱོན་ཡང་མེད་དོ། །གསུམ་པ་ནི། ལུས་ཅན་ཀུན་ཆོས་ཅན། རྟག་ཏུ་སངས་རྒྱས་སྙིང་པོ་ཅན་ཡིན་ཏེ། རྫོགས་སངས་སྐུ་ནི་འཕྲོ་བའི་ཕྱིར། །ཞེས་པའི་རྐང་པ་དང་པོའི་དོན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཐར་ཐུག་པ་ཆོས་ཀྱི་སྐུ་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ་ལྟ་བུ། སྔོན་ཐ་མལ་པ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་དེ་ལས་ཕྱིས་གསལ་བའམ། འཕྲོ་བའམ། མངོན་དུ་གྱུར་པ་ཡོད་པས་ན་ད་ལྟ་ནས་གཞི་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་ཅེས་སྒྲུབ་པ་ཡིན་ནོ། །

  • ༡༽ སྡེ་དགེ་བཀའ་འགྱུར། མདོ་སྡེ་པོད་རྟགས་ ༼ད༽ ཤོག་གྲངས་ ༤༦ ནང་དུ་གསལ།
  • ༢༽ ཀློང་ཆེན་སྙིང་གི་ཐིག་ལེ་ཤོག་གྲངས་ ༥༧༠ ནང་དུ་གསལ།
  • ༣༽ རྣམ་གླིང་དེབ་གཟུགས་ཤོག་གྲངས་ ༡༩ ནང་དུ་གསལ།

དཔྱད་རྩོམ་རྒྱས་པ། Full Paper[edit]

དཔྱད་རྩོམ་ཕབ་ཞུས་/Download Paper

10:30 AM[edit]

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

དགེ་བཤེས་ལྷ་རམས་པ་སྐལ་བཟང་བསྟན་སྐྱོང་། (སྨྱུག་མིང་དར་ལྕེ་ཟད་པོ།) སེ་ར་བྱེས།
དགུང་ལོ་ ༡༣ ་ལ་ཤུག་ལྡིང་དགོན་ལ་ཞུགས་ནས་འདོན་ཆོག་མང་པོ་བློ་འཛིན་དང་། དགུང་ལོ་ ༢༠ ་ལ་ལྷ་ལྡན་སེ་རྭ་དགོན་ལ་ཞུགས་ནས་མཚན་ཉིད་གཞུང་དང་བོད་ཀྱི་རིག་གནས་བཅས་སྦྱངས། དེ་ནས་ལོ་ ༢༣ ་ལ་བཙན་བྱོལ་དུ་འབྱོར་ནས་སེར་བྱེས་གྲྭ་ཚང་ལ་ཞུགས་ནས་གཞུང་ཆེན་སློབ་གཉེར་བྱས་པས་དབུ་ཕར་རབ་འབྱམས་པ་རྩེ་ཕུད་གསུམ་པ་ཐོབ། ལྷ་རམས་ཚད་མ་རིག་པ་ཉམས་ཞིབ་པའི་རྩོམ་རྒྱུགས་ཕུལ་བ་དང་། སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་རྩེད་ཕུད་ཨང་གསུམ་པ་ཐོབ། ཕྱི་ལོ་ ༢༠༢༠ ་ལོར་ལྷ་རམས་དམ་བཅའ་བཞག བོད་ནས་སྙན་རྩོམ་འགྲན་བསྡུར་ཞིག་ལས་བྱ་དགའ་ཨང་དང་པོ་དང་། རྒྱལ་སྤྱིའི་ཙོང་ཁ་པ་རྗེས་དྲན་ལོར་སྙན་རྩོམ་དང་དཔྱད་རྩོམ་བྱ་དགའ་གཉིས་ཁོང་གཅིག་པུས་ཐོབ་པ་དང་། སྔ་ཕྱི་རྩོམ་ཡིག་འགྲན་བསྡུར་ལས་བྱ་དགའ་ཐེངས་མང་པོ་ཐོབ་ཅིང། སྐབས་བཅུ་པའི་ཁམས་པའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་གནང་ཞིང་། བརྩམས་ཆོས་ “ཚད་མ་གྲུབ་པའི་འགྲེལ་པ་ཐར་ལམ་འཇུག་ངོགས་” དང་། སྙན་རྩོམ། “ལྐུགས་པའི་བུ་རམ་” ཞེས་པ་དེབ་ཕྲེང་གཉིས་ཡོད། ད་ལྟ་ཉམས་ཞིབ་གནང་བཞིན་བཞུགས།།

གཏམ་བཤད་བཅུད་དོན། Abstract[edit]

བཀའ་གདམས་རྙིང་མ་བའི་བདེ་གཤེགས་སྙིང་པོ་བཞེད་ཚུལ།
དགེ་བཤེས་སྐལ་བཟང་བསྟན་སྐྱོང་།
དེ་བཞིན་གཤེགས་པའི་མདོའི་དགོངས་འགྲེལ་ཀུན་གྱིས་ཚད་མར་བཟུང་ས་རྒྱུད་བླ་མའི་བསྟན་བཅོས་འདི་ཉིད་ཡིན་ཞིང་། རྒྱུད་བླ་མའི་བོད་འགྲེལ་ཐོག་མ་རྔོག་ལོ་ཙཱ་བའི་རྒྱུད་བླ་མའི་བསྡུས་དོན་འདི་ཉིད་ཚད་མར་བཟུང་ནས། བདག་གི་སྐབས་བབ་ཀྱི་བརྗོད་གཞི་བཀའ་གདམས་རྙིང་མ་བའི་བདེ་གཤེགས་སྙིང་པོའི་ངོ་བོ་བཞེད་ཚུལ་དོན་ཚན་གསུམ་གྱི་སྒོ་ནས་གླེང་བར་བྱ་སྟེ། དང་པོ་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲ་དོན་བཤད་པ། གཉིས་པ་རྔོག་ལོ་ཡབ་སྲས་ཀྱི་བདེ་གཤེགས་སྙིང་པོའི་ངོ་བོ་བཞེད་ཚུལ། གསུམ་པ་ཕྱྭ་པ་ཆོས་སེང་གི་བདེན་གཉིས་འཇོག་ཚུལ་བཤད་པའོ།།
དང་པོ་དེ་བཞིན་གཤེགས་པའི་སྙིང་པོའི་སྒྲ་དོན་བཤད་པ་ནི།
དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་མཚན་གྱི་དོན་ལ། རྒྱ་གར་སྐད་དུ། ཏ་ཐཱ་ག་ཏ་གརྦྷ། ཞེས་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པར་བསྒྱུར་བ་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་སུ་བཤད་པས་དེ་བཞིན་གཤེགས་པའི་སྒྲ་དོན་བཤད་པ་དང་། སྙིང་པོའི་དོན་དཀྱིལ་དང་ནང་སོགས་ལ་འཇུག་པའི་ཤེས་བྱེད་དང་། རིགས་དང་ཁམས་ཀྱི་དོན་ས་བོན་ལ་ཡང་འཇུག་པ་ཡོད་པར་བཤད་པའོ།། གཉིས་པ་རྔོག་ལོ་ཡབ་སྲས་ཀྱི་བདེ་གཤེགས་པའི་སྙིང་པོའི་ངོ་བོ་བཞེད་ཚུལ་ནི།
<<ལོ་ཙཱ་བའི་རྒྱུད་བླ་མའི་བསྡུས་དོན་ལས།>> ‘’རང་བཞིན་གྱིས་སྟོང་པ་ཉིད་ཁོ་ནར་སྙིང་པོར་བརྗོད་པ་ཡིན་ནོ།།’’ ཞེས་སེམས་ཅན་གྱི་གནས་སྐབས་ཀྱི་སེམས་རང་བཞིན་གྱིས་སྟོང་པ་ཉིད་ཁོ་ན་ལ་དེ་བཞིན་གཤེགས་པའི་སྙིང་པོར་བརྗོད་པར་གསུངས་པ་དང་། གོང་འོག་ཀུན་ནས་རང་བཞིན་ཉིད་ལ་ཞེས་མང་དུ་གསུངས་པས་བདེ་གཤེགས་སྙིང་པོའི་དོན་སྟོང་ཉིད་ལ་བཞེད་པ་ཧ་ཅང་གསལ་ཞིང་། རྒྱུད་བླ་མ་ལས་གཞིའི་དངོས་པོའི་གནས་ལུགས་གཏན་ལ་འབེབས་སྐབས་དྲི་བ་དང་ལན་གཉིས་ཀྱི་སྒོ་ནས་བཤད་དེ། དང་པོ་དྲི་བ་ནི། <<ལོ་ཙཱ་བའི་རྒྱུད་བླ་མའི་བསྡུས་དོན་ལས།>> དེ་ལ་སྟོང་པ་ཉིད་ཀྱི་ཚུལ་དུ་བརྗོད་པ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཞེ་ན་ཞེས་བྱ་བའོ།། ཞེས་དྲིས་པ་དང་། གཉིས་པ་ལན་ནི། <<རྒྱུད་བླ་མ་ལས།>> ‘’འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ་ཅུང་ཟད་མེད།།’’ ཅེས་སོགས་ཀྱི་དོན་ལོ་ཙཱ་བའི་འགྲེལ་པ་ལས་འདི་ལྟར་གསུངས་ཏེ། ‘ཀུན་ནས་ཉོན་མོངས་པའི་དམིགས་པ་དང་དོན་དམ་པར་ཡོད་པར་སྒྲོ་མི་འདོགས་པ་དང་། རྣམ་པར་བྱང་བ་སེམས་དང་སེམས་ལས་བྱུང་བའི་དམིགས་པ་ཀུན་རྫོབ་ཏུ་ཡོད་པ་ལ་སྐུར་བ་མི་འདེབས་པས། བདེན་པ་གཉིས་ཇི་ལྟ་བ་བཞིན་དུ་གནས་པ་ནི་སྟོང་པའི་དོན་ལ་ཕྱིན་ཅི་མ་ལོག་པ་ཡིན་ཞེས་བརྗོད་པ་ནི’’།། ཞེས་ཀུན་ནས་ཉོན་མོངས་པ་འཇིག་ལྟའི་དམིགས་པའི་དོན་གསར་དུ་བསལ་བ་བྱ་བ་ཅུང་ཟད་ཀྱང་མེད་དེ། ཐོག་མ་མེད་པ་ནས་བདེན་གྲུབ་ཀྱི་ངོ་བོར་གྲུབ་མ་མྱོང་བའི་ཕྱིར་དང་། རྣམ་པར་བྱང་བའི་མཚན་མ་མངོན་ཤེས་དང་། སྟོབས་སོགས་ཀྱི་དམིགས་པ་ཀུན་རྫོབ་ཏུ་ཡོད་པ་སྔར་མེད་གསར་དུ་བཞག་པ་ཅུང་ཟད་ཀྱང་མེད་པ་སྟེ། ཐོག་མ་མེད་པ་ནས་རྫུན་པར་གནས་པའི་ཕྱིར། ཞེས་དོན་དམ་པར་ཡོད་པ་སྒྲོ་མི་འདོགས་པ་དང་། ཀུན་རྫོབ་ཏུ་ཡོད་པ་ལ་སྐུར་བ་མི་འདེབས་པའི་ཚུལ་གྱིས་ཡང་དག་པ་ཕྱིན་ཅི་མ་ལོག་པ་ཡོད་པ་ནི་བདེན་གཉིས་ཟུང་དུ་འབྲེལ་བའི་རང་བཞིན་བསྟན་ཚུལ་བཤད་པ། གལ་ཏེ་ཐོག་མ་ནས་དོན་དམ་པར་མ་གྲུབ་པ་དང་། ཀུན་རྫོབ་ཏུ་ཡོད་པར་གནས་ན་ལམ་གྱི་སྒྲུབ་པས་ཅི་ཞིག་བྱེད་ཅེ་ན། རྒྱུད་བླ་མ་ལས། ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ།། ཞེས་སྒྲོ་འདོགས་དང་སྐུར་འདེབས་ལས་གྲོལ་ཚུལ་བཤད་པ། དོན་དེ་ཉིད་གསལ་བར་བཤད་པ་ལ། <<རྒྱུད་བླ་མ་ལས། >>རྣམ་དབྱེ་མེད་པའི་མཚན་ཉིད་ཅན།། བླ་མེད་ཆོས་ཀྱིས་སྟོང་མ་ཡིན།། རྣམ་དབྱེར་མེད་པའི་མཚན་ཉིད་ཅན།། ཞེས་སོགས་ཀྱིས་དེ་ཁོ་ན་ཉིད་དང་ཀུན་རྫོབ་ཏུ་ཡོད་པ་མི་འགལ་བར་བདེན་གཉིས་ཟུང་དུ་འབྲེལ་བའི་དོན་དམ་ནམ་མཁའ་ལྟ་བུར་རྟོགས་ཚུལ་དང་། བདེན་པར་གྲུབ་པ་བཀག་ཤུལ་དུ་ཀུན་རྫོབ་སྒྱུ་མ་ལྟ་བུ་ལུས་པ་རྗེས་ཐོབ་ཀྱིས་རྟོགས་ཚུལ་བཤད་པ། དེ་བཞིན་གཤེགས་པའི་ཁམས་བསྟན་པ་ལ་རྩོད་པ་སྤོང་བའི་སྐབས་ལས། <<རྒྱུད་བླ་མ་ལས། >> ‘’སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར།། ཞེས་སོགས་ཀྱིས་སྙིང་པོའི་ཁམས་བསྟན་པ་ལ་རྩོད་པ་དང་ལན་གཉིས། རྩོད་པ་ནི། ཡུམ་གྱི་མདོ་ཤེར་ཕྱིན་ལས། དོན་དམ་བདེན་པ་མཚན་ཉིད་ཐམས་ཅད་ཀྱིས་སྟོང་པ་དང་། སླར་ཡང་རྒྱུད་བླ་མ་ལས། དོན་དམ་པ་སྟོང་པ་ཉིད་སངས་རྒྱས་སྐྱེ་བའི་རྒྱུར་གསུངས་པ་གཉིས་འགལ་ལོ་ཞེས་རྩོད་ལན་འགྲོ་ཚུལ་རྔོག་ལོ་ཙཱ་བའི་བཞེད་ཚུལ་ཇི་ལྟར་ཡིན་བཤད་པའོ།།
གསུམ་པ་ཕྱཱ་པ་ཆོས་སེང་གི་བདེན་གཉིས་འཇོག་ཚུལ་བཤད་པ་ནི།
ཀུན་རྫོབ་བདེན་པའི་མཚན་ཉིད། <<ཤར་གསུམ་སྟོང་ཐུན་ལས།>> ‘མཐར་ཐུག་འཇལ་བའི་ཡུལ་དུ་མི་བདེན་ལ་མ་དཔྱད་པའི་བསམ་ངོར་བདེན་པ་ཀུན་རྫོབ་བདེན་པའི་མཚན་ཉིད། ’ ཞེས་དང་། དོན་དམ་བདེན་པའི་མཚན་ཉིད་ནི། དེ་ཉིད་ལས། མཐར་ཐུག་འཇལ་བའི་ཚད་མའི་ཡུལ་དུ་བདེན་པ་སྟེ། ལྡོག་པ་འགའ་ཞིག་ལ་ཁྱད་པར་དཔྱད་པས་བདེན་པའི་ཞེན་པ་བཟློག་ཏུ་མེད་པ་ནི་དཔྱད་བཟོད་པ་ཡིན་ལ་དེ་འཇལ་བ་ནི་མཐར་ཐུག་འཇལ་བའི་ཚད་མ་ཡིན་ལ་དེའི་གཞལ་བྱར་བདེན་པ་དོན་དམ་པའི་བདེན་པའོ།།’’ ཞེས་གནམ་གྲུ་ལྟ་བུའི་ཡན་ལག་གམ་བྱེ་བྲག་མ་དཔྱད་པ་བཏང་སྙོམས་ཀྱི་བསམ་ངོར་བདེན་པ་ལ་ཀུན་རྫོབ་བདེན་པ་དང་། གནམ་གྲུའི་ཡན་ལག་རེ་རེ་དཔྱད་ནས་མ་རྙེད་པ་ལ་དོན་དམ་བདེན་པར་བཞག་པས། བྱེ་བྲག་རེ་རེ་དཔྱོད་པའི་ཚད་མས་སྤྱིར་གནམ་གྲུ་བདེན་ཞེན་སེལ་བས་ཀུན་རྫོབ་འགོག་བྱེད་དུ་འགྱུར་རོ་ཞེ་ན། བུམ་པ་དག་པའི་ས་ཕྱོགས་སུ་བུམ་འཛིན་རྟོག་པའི་སྣང་ཡུལ། ས་ཕྱོགས་སུ་བུམ་པ་མེད་པར་རྟོགས་པའི་མངོན་སུམ་གྱིས་མི་ཁེགས་ཚུལ་དཔེ་དང་སྦྱར་ནས་བཤད་པ་དང་།
ཕྱྭ་པའི་རང་ལུགས་ལ་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་འདོད་ཚུལ་ནི། ཟླ་གཅིག་ཟླ་བའི་སྣང་བའི་འཁྲུལ་ཤེས་དང་དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ངོ་བོ་གཅིག་ཏུ་སོང་ཚུལ་དཔེར་སྦྱར་ནས་བཤད་པ་དང་།
<<ཤར་གསུམ་སྟོང་ཐུན་ལས།>> ‘སྒྲུབ་པའི་བྱེ་བྲག་བཀག་པའི་མེད་དགག་རྣམས་ལ་བྱེ་བྲག་གཞན་དུ་བདེན་ནམ་ཅིར་ཡང་མ་གྲུབ་པར་བདེན་ཞེས་བྱེ་བྲག་དཔྱད་དུ་ཡོད་ཀྱང་དཔྱད་ན་བྱེ་བྲག་གཞན་དུ་བདེན་པ་ཁེགས་སྟེ། ཅིར་ཡང་མ་གྲུབ་པར་བདེན་པར་གནས་ལ་ཅིར་ཡང་མ་གྲུབ་པ་དང་སྒྲུབ་པའི་བཀག་པའི་མེད་དགག་ལ་བདེན་པའི་ཞེན་པ་འཇུག་པ་མི་འགལ་བས་བྱེ་བྲག་དཔྱད་དུ་ཡོད་ཀྱང་བྱེ་བྲག་དཔྱད་པས་བདེན་ཞེན་བཟློག་ཏུ་མེད་པས་དཔྱད་བཟོད་ཡིན་ལ།’ ཞེས་གནམ་གྲུབ་ལྟ་བུ་བདེན་པར་གྲུབ་པ་སྣང་བ་ལྟར་གྲུབ་བམ་མ་གྲུབ་ཡན་ལག་རེ་རེ་ནས་དཔྱད་ནས་སྣང་བ་ལྟར་གྲུབ་པ་མ་རྙེད་པས་ཀུན་རྫོབ་བདེན་པས་རིགས་པའི་དཔྱད་པ་མ་བཟོད་པ་ཡིན་ལ། ཅི་ཡང་མ་གྲུབ་པའི་མེད་དགག་དེ་བདེན་པར་གྲུབ་པ་རྙེད་པས། སླར་ཡང་དེ་ཉིད་རིགས་ཤེས་ལ་སྣང་བ་ལྟར་བྱེ་བྲག་དེ་ལས་གཞན་དུ་བདེན་པ་གྲུབ་བམ་མ་གྲུབ་དཔྱད་དུ་ཡོད་ཀྱང་དཔྱད་པས་དེ་གཞན་དུ་བདེན་པ་གྲུབ་པ་ཁེགས་པ་མ་རྙེད་པས། དོན་དམ་བདེན་པ་ལ་བདེན་ཞེན་བཟློག་ཏུ་མེད་པ་ནི་དཔྱད་བཟོད་དུ་གྲུབ་པ་སྟེ། དཔེར་ན། འཇིག་རྟེན་ན་སྡར་མ་དཔའ་ཉམས་སྟོན་མཁན་འཛིངས་པའི་ཚེ་དཔའ་བོའི་ནུས་པ་མི་བཟོད་པས་ཕམ་པ་ལྟར་ཀུན་རྫོབ་པས་རིགས་ཤེས་ཀྱི་དཔྱད་པ་མ་བཟོད་པ་དང་། སྡར་མའི་རྒྱབ་ཏུ་དོན་དམ་པའི་དཔའ་བོ་ཡོད་པ་གླགས་མ་རྙེད་པ་ལྟར། སླར་ཡང་རིགས་ཤེས་ཀྱིས་སྟོང་ཉིད་བདེན་པར་གྲུབ་བམ་མ་གྲུབ་དཔྱད་པ་ན་སྟོང་ཉིད་བདེན་གྲུབ་ཁེགས་པ་མ་རྙེད་པས་རིགས་ཤེས་ཕམ་སོང་བ་ལྟར་སྟོང་ཉིད་རིགས་ཤེས་ཀྱིས་དཔྱད་བཟོད་དུ་གྲུབ་པས་སྟོང་ཉིད་བདེན་པར་གྲུབ་པར་འདོད། ཕྱི་རབས་ཀྱི་དབུ་མ་པ་རྣམས་ཀྱིས་སྟོང་ཉིད་བདེན་གྲུབ་ཏུ་ལྟ་བ་ནི་སྨན་དུག་དུ་སོང་བ་ལྟར་གསོར་མི་རུང་བའི་ལྟ་བ་ཅན་དུ་བཤད་པ་སོགས་གངས་ཅན་ལྗོངས་ཀྱི་དབུ་མར་སྨྲ་བ་གསར་རྙིང་རྣམས་ཀྱིས་ལྟ་བའི་བཞེད་མཚམས་མཐུན་དང་མ་མཐུན་པའི་མཚམས་ཅུང་ཟད་གླེང་རྒྱུ་བཅས་སོ།།

དཔྱད་རྩོམ་རྒྱས་པ། Full Paper[edit]

དཔྱད་རྩོམ་ཕབ་ཞུས་/Download Paper

11:30 AM[edit]

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

སློབ་དཔོན་དམ་ཆོས་རྡོ་རྗེ། རྟ་མགོ་ནང་དོན་རིག་པའི་གཙུག་ལག་སློབ་གྲྭ། འབྲུག་ཡུལ་གྱི་བྱང་ཕྱོགས་དགའ་སར་འཁྲུངས་ཤིང་། དགུང་ལོ་ ༡༠ ་ནས་འཁྲུངས་ཡུལ་གྱི་ཉེ་འདབས་སུ་འབྲུག་པ་དཀར་བརྒྱུད་པའི་དགོན་པ་ཞིག་ཏུ་ཆོས་གྲྭ་ཞུགས་ནས་འབྲུག་ལུགས་ཀྱི་གར་ཐིག་དབྱངས་གསུམ་སྦྱང་པ་གནང་ཞིང་། དགུང་ལོ་ ༡༥ ་ནས་འབྲུག་ཡུལ་སྤུངས་ཐང་ཁ་ལེགས་བཤད་འབྱུང་གནས་བཤད་གྲྭར་ཞུགས་ནས་སྒྲ་སློབ་ལེགས་བཤད་རྒྱ་མཚོ་སོགས་ནས་སུམ་རྟགས་དང་སྙན་ངག་དབུ་ཕར་གྱི་གཞུང་སོགས་གསན། ༢༠༡༠ ་ལ་འབྲུག་ཡུལ་རྟ་མགོ་ནང་པའི་གཙུག་ལག་སློབ་གྲྭ་ནས་བསྟན་བཅོས་མཁན་གྱི་ལོ་རིམ་གསུམ་མཐར་ཕྱིན་རྗེས་འཕགས་ཡུལ་དུ་ཕེབས། གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལོ་ལྔ་ལྷག་ཙམ་ཞིག་སློབ་གཉེར་མཛད་དེ། སླར་འབྲུག་ཡུལ་དུ་ལོག་ནས་འབྲུག་པ་དཀར་བརྒྱུད་པའི་ཆོས་སྡེ་རྡོར་གདན་ནང་པའི་གཙུག་ལག་སློབ་གྲྭར་ལོ་ལྔ་ཙམ་བསམ་གསན་མཛད་དེ། ༢༠༢༡ ་ལ་འཛིན་གྲྭ་མཐར་ཕྱིན་ནས། དེང་སང་རྡོར་གདན་ནང་པའི་གཙུག་ལག་སློབ་གྲྭར་སློབ་དཔོན་གྱི་ཕྱག་འགན་བཞེས་བཞིན་ཡོད།།


གཏམ་བཤད་བཅུད་དོན། Abstract[edit]

རིགས་ཁམས་བདེ་གཤེགས་སྙིང་པོའི་རྣམ་བཞག་པད་དཀར་དགྱེས་པའི་མཆོད་སྤྲིན།
སློབ་དཔོན་དམ་ཆོས་རྡོ་རྗེའི་གཏམ་བཤད་བཅུད་དོན།

རིགས་ཁམས་བདེ་བཤེགས་སྙིང་པོའི་རྣམ་བཞག་རང་སྡེ་དངོས་སྨྲ་བ་རྣམས་ཀྱིས་འདོད་ཚུལ་མདོར་མཚོན་པ་སྤྱི་དང་། ཁྱད་པར་དབུ་མ་པས་བཞེད་ཚུལ་ལྟར་དུ་རྒྱལ་དང་དེའི་སྲས་རྣམས་ཀྱི་གསུང་རབ་རྣམས་དང་། བྱེ་བྲག་འབྲུག་ཆེན་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་རྗེས་འབྲང་དང་བཅས་པའི་གསུང་འབུམ་ལ་ཁུངས་གཏུགས་ནས་རང་བློས་གང་འཇོན་ཞིག་ཞུ་རྒྱུ་ཡིན། དང་པོ་ལ་ཉན་ཐོས་སྡེ་གཉིས་ལས་ བྱེ་བྲག་སྨྲ་བས་སེམས་བྱུང་མ་ཆགས་པ་ལ་འཕགས་པའི་རིགས་སུ་འདོད་པ་དང་། མདོ་སྡེ་པས་རང་གི་འཐོབ་བྱར་གྱུར་པའི་དགྲ་བཅོམ་པའི་གོ་འཕང་འཐོབ་རུང་གི་རྒྱུའི་ཆ་ནས་བཞག་པའི་བག་ཆགས་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་ལ་རིགས་སུའདོད་པའི་ཚུལ་དང་། སེམས་ཙམ་པས་རང་འབྲས་དགྲ་བཅོམ་པའི་གོ་འཕང་ཐོབ་རུང་གི་ཆ་ནས་བཞག་པའི་བག་ཆགས་སུ་གྱུར་པའི་དྲུག་པའི་ཡིད་ཀྱི་སྐྱེ་མཆེད་དེ་ལ་རིགས་སུ་འདོད་པའི་ཚུལ་དང་། དབུ་མ་པས་ཡིད་ཀྱི་རྣམ་པར་ཤེས་པའི་རབ་ཏུ་ཕྱེ་བའི་ཆོས་ཉིད་ལ་རིགས་སུ་བཞེད་པའི་ཚུལ་དང་། ཞར་བྱུང་རིགས་དང་འབྲེལ་ཡོད་ཀྱི་རྣམ་བཞག་གཞན་རྣམ་རྟོག་ཆོས་སྐུར་བཞེད་པའི་ཚུལ་སོགས་ཞུ་རྒྱུ་ཡིན།

དཔྱད་རྩོམ་རྒྱས་པ། Full Paper[edit]

དཔྱད་རྩོམ་ཕབ་ཞུས་/Download Paper

14:00 AM[edit]

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

སྤྱི་ལོ་ ༡༩༧༤ ་ལོར་འཁྲུངས་ཤིང་། ཆུང་དུས་ནས་དཔལ་ས་སྐྱའི་གདན་སར་ཆོས་སྒོར་ཞུགས་ཏེ་དགོན་པའི་འདོན་ཆོག་གི་རིམ་པ་སྦྱངས་ཟིན་པའི་ཐོག་མདོ་སྔགས་རྒྱུད་སྡེའི་དབང་ལུང་ཁྲིད་གསུམ་སོགས་ཕལ་ཆེར་གསན། ལྷག་པར་སྤྱི་ལོ་ ༡༩༩༡ ་ལ་ས་སྐྱ་མཐོ་སློབ་ཁང་དུ་མདོ་སྔགས་གཞུང་ཆེན་ཁག་ལ་སློབ་གཉེར་མཐར་ཕྱིན་ནས་མཐོ་སློབ་དེ་ཉིད་དུ་ལོ་ཤས་རིང་དགེ་རྒན་གྱི་ཕྱག་འགན་བཞེས། སྤྱི་ལོ་ ༢༠༠༢ ་ལ་ ༸ སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེའི་བཀའ་དགོངས་བཞིན་ཝཱཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ས་སྐྱ་རང་གཞུང་དགེ་རྒན་གྱི་ལས་འཁུར་བཞེས་ཤིང་། ལོ་ ༢༢ ་ཙམ་དཔེ་འཁྲིད་གནང་མུས་ལགས། གཞན་ཡང་ ༸ གོང་མ་ཡབ་སྲས་མཆོག་ནས་མཁན་པོའི་མཚན་གནས་བསྩལ་གནང་བྱུང་བ་དང་། དེའི་རིང་གཞུང་ཆེན་ཁག་ལ་བགྲོ་གླེང་དང་ཚོགས་འདུར་གཏམ་བཤད་དང་རྩོམ་ཤོག་སྤེལ་བ་ཡང་། ཆོས་ཀྱི་འཁོར་ལོའི་སྐོར། དཔལ་ས་སྐྱ་པའི་སྒོམ་པའི་རྣམ་གཞག ཀུན་གཞིའི་རྣམ་གཞག སེམས་ཀྱི་རང་བཞིན་འོད་གསལ་བའི་དོན་ལ་དབུ་སེམས་ཀྱི་བཞེད་ཚུལ། དབུ་མ་ཐལ་འགྱུར་བའི་བདེན་གཉིས་དང་སངས་རྒྱས་ཀྱིས་བདེན་གཉིས་མཁྱེན་ཚུལ། དཔལ་ས་སྐྱ་པའི་ལུགས་ཀྱི་དབུ་མའི་སྒོམ་དང་ལྟ་བའི་བཞེད་ཚུལ། སྡེ་གཉིས་ཀྱི་མངོན་པའི་སྐོར། ཚད་མའི་འབྱུང་རབས། ཚད་གཞུང་ནས་བཤད་པའི་བློ་རིག གྲུབ་མཐའ་བཞིའི་རྣམ་གཞག ཞེན་པ་བཞི་བྲལ་གྱི་འགྲེལ་པ། བྱང་ཆུབ་སེམས་ཀྱི་སྐོར། རྟེན་འབྲེལ་བཅུ་གཉིས་བཤད་པ། གྲུབ་མཐའ་བཞིའི་རྣམ་གཞག རྡོར་གཅོད་ཀྱི་དོན་བསྡུས། ཤེར་ཕྱིན་བརྒྱ་ལྔ་བཅུ་པའི་དོན་བསྡུས་སོགས་ཆོས་ཚན་ཉི་ཤུར་ཉེ་བ་མཛད་ཡོད།།

གཏམ་བཤད་བཅུད་དོན། Abstract[edit]

བདེ་བར་གཤེགས་པའི་སྙིང་པོ་ཀུན་མཁྱེན་རོང་སྟོན་སོགས་ཀྱི་བཞེད་པ།

མཁན་པོ་གྲགས་པ་སེང་གེ།

ཝཱ་ཎ་ཆེས་མཐོའི་བོད་ཀྱི་གཙུག་ལག་སློབ་ཁང་།

གང་ཞིག་ཀུན་ཏུ་མ་ཤེས་པས། །སྲིད་པ་གསུམ་ན་རྣམ་འཁོར་ཞིང་། །སེམས་ཅན་རྣམས་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པའི་ཚིག་གིས་སྔོན་བསུས་ཏེ། ཇི་སྐད་དུ། རྒྱུད་བླ་མར། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། ། དོན་གཉེར་སྨོན་པའང་མེད་པར་འགྱུར།། ཞེས་དང་། སྲིད་དང་མྱ་ངན་འདས་ལ་དེའི། སྡུག་བདེའི་སྐྱོན་ཡོན་མཐོང་བ་ནི། །རིགས་ཡོད་ལས་ཡིན་གང་ཕྱིར་ཏེ། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་གསུངས་པ་ལྟར་གལ་ཏེ་རྟག་མཐའ་བཟུང་སྟེ་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་མེད་ན་ཐོས་སོགས་རྐྱེན་དང་འཕྲད་དེ་སད་པ་མི་སྲིད་པས་སུ་ཡང་སྐྱེ་རྒ་ན་འཆི་ལ་སོགས་པ་འཁོར་བའི་སྡུག་བསྔལ་ལས་ཡིད་འབྱུང་འདོད་དང་། མྱ་ངན་ལས་འདས་པ་ཐོབ་པའི་འདོད་པ་དང་། དེ་ལྟར་ཐོབ་པའི་ཐབས་འཚོལ་བའི་དོན་དུ་གཉེར་བ་དང་། ཐོབ་པར་གྱུར་ཅིག་སྙམ་པའི་སྨོན་པའང་མེད་པར་འགྱུར་བ་ཞིག་ན། འོན་ཀྱང་དེ་ལྟར་མ་ཡིན་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་དང་། དོན་དམ་པའི་ངོ་བོ་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཟུང་འཇུག དྲི་མ་རྣམས་སེམས་ཀྱི་གཤིས་ལ་མ་ཞུགས་པ་གཉེན་པོའི་སྟོབས་ཀྱིས་རྩ་བ་ནས་བྲལ་དུ་རུང་བ་བདེ་བར་གཤེགས་པའི་སྙིང་པོ་འདི་ཀུན་ལ་ཁྱབ་པའི་རྒྱུ་མཚན་གྱིས་ངེས་པར་འབྱུང་འདོད་དང་། བདེ་བ་འཐོབ་འདོད་ཀྱིས་དོན་དུ་གཉེར་བ་སྲོག་ཆགས་གྲོག་སྦུར་ཚུན་ལ་མངོན་སུམ་གྱིས་གྲུབ་པ་འདི་ཡིན་ནོ། །
    འོ་ན་རང་བཞིན་གནས་རིགས་དང་། བདེ་བར་གཤེགས་པའི་སྙིང་པོ་ངོས་འཛིན་ཇི་ལྟར་སྙམ་ན། ། མཁས་པའི་བཞེད་པ་མང་མོད་དཔལ་ས་སྐྱ་པའི་རྗེ་བཙུན་གོང་མ་ཡབ་སྲས་ཀྱི་དགོངས་པ་ཇི་བཞིན་གཟིགས་པ་ཀུན་མཁྱེན་གོ་བོ་རབ་འབྱམས་པའི་བཞེད་པས། སྡོམ་གསུམ་ཁ་སྐོང་ལས། གཞི་ལ་གྲུབ་མཐའི་བྱེ་བྲག་གིས། །སེམས་བྱུང་ཟག་མེད་ས་བོན་དང་། །སྐྱེ་བྱེད་དྲུག་གི་ཁྱད་པར་སོགས། །འདོད་པ་ཡོད་ཀྱང་འདུས་བྱས་ཡིན། །ཞེས་གསུངས་པ་དྲང་བའི་དོན་ཡིན་པས་མི་འཐད་པར་གསུངས་པ་དང་། གཞན་དུ་ངེས་པའི་དོན་ཡིན་ན། །རང་བཞིན་གནས་རིགས་འདུས་བྱས་སུ། །འདོད་པ་དངོས་སྨྲའི་ལུགས་ཡིན་གྱི། །དབུ་མ་པའི་ལུགས་ལ་མེད། །ཅེས་དང་། འདིར་ནི་བྱམས་མགོན་ཀླུ་སྒྲུབ་ཀྱིས། །གསལ་བ་རྒྱུན་ཆགས་མ་འགག་པ། །མཐའ་བཞིའི་སྤྲོས་པས་སྟོང་པ་ཡི། །ཟུང་འཇུག་འདུས་མ་བྱས་ལ་བཞེད། །ཅེས་གསུངས་པས། དཔལ་ཕྲེང་གི་མདོར་ཆོས་སྐུ་ལ་བཤད་པ། བྱམས་མགོན་གྱིས་ཆོས་དབྱིངས་ལ་བཤད་པ། དེ་བཞིན་ཀླུ་སྒྲུབ་ཀྱིས་གང་ཞིག་ཀུན་ཏུ་མ་ཤེས་པས། །ཞེས་སོགས་ཆོས་དབྱིངས་ལ་བཤད་པ། སྐབས་གཞན་དུ་ཉོན་མོངས་དྲ་བས་གཡོག་པ་ན། །སོགས་སེམས་ལ་བཤད་པ། དེ་བཞིན་ས་ར་ཧས་ཀྱང་སེམས་ལ་བཤད་པ་སོགས་ཡོད་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ནི། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང། ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་གསལ་སྟོང་ཟུང་འཇུག་འདུས་མ་བྱས་ལ་བཞེད་དོ། །དེས་ན་ ༡ དགག་བྱ་བདེན་པ་བཀག་ཙམ་གྱི་མེད་དགག་སྙིང་པོར་འདོད་པ། ༢ སྙིང་པོ་ལ་གཉིས་སུ་ཕྱེ་བ་ངེས་དོན་དུ་འདོད་པ། ༣ འགྲོ་ཀུན་སྙིང་པོས་སྟོང་པར་འདོད་པ། ༤ དག་པ་གཉིས་པོ་འགལ་བར་འདོད་པ། ༥ སྙིང་པོ་དཔྱད་བཟོད་ཀྱི་བདེན་གྲུབ་ཏུ་འདོད་པ་རྣམས་ཕྱོགས་སྔ་མར་བྱས་ཏེ། རང་ལུགས་རིམ་པ་ལྟར། ཟུང་འཇུག་གི་ཡ་གྱལ་མཐའ་བཞི་བྲལ་དུ་འདོད་པ་དང་། སྙིང་པོ་དངོས་ཟུང་འཇུག་ཡིན་དགོས་པ་དང་། སྙིང་པོ་འགྲོ་བའི་རྒྱུད་ལ་གཙོ་བོར་འཇོག་དགོས་པ། དག་ཆ་བདེན་གྲུབ་དང་། གློ་བུར་བའི་ཁྱད་པར་མ་གཏོག་དག་པ་གཉིས་པོ་མི་འགལ་བར་འདོད་པ། ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་སའི་བར་གསལ་ལ་མ་འགག་པ། ངོ་བོ་ལ་བརྟག་ན་ཡོད་མེད་རྟག་ཆད་སོགས་མཐའ་བཞི་གང་དུའང་མ་གྲུབ་པའི་བརྗོད་བྲལ་སྙིང་པོར་བཞེད་དོ། །
    སྐབས་ཀྱི་བརྗོད་པར་བྱ་བ་ཀུན་མཁྱེན་རོང་སྟོན་གྱི་བཞེད་པ་ཡིན་མོད། འདོད་པ་ཕལ་ཆེར་གོང་བཞིན་ཡིན་པས་ལམ་ཙམ་བཤད་ན་འཇུག་པ་བདེ་བར་འགྱུར་སྙམ། ཚིག་ཟིན་ཅུང་མི་འདྲ་བ་ཞིག་ནི། སྙིང་པོ་ལ་གཉིས་སུ་ཕྱེ་བ་སྟེ་འདུས་མ་བྱས་དང་འདུས་བྱས་གཉིས་ཆོས་སྐུའི་རྒྱུ་སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་དང་། དྲི་བཅས་ཀྱི་སེམས་འོད་གསལ་བའི་བདག་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་རང་བཞིན་གནས་རིགས་སོ་སོར་འདོད་ཅིང་། འཇིག་རྟེན་ན་ཚ་བ་མེའི་རང་བཞིན་དུ་བརྗོད་པ་ལྟར། སེམས་ཀྱང་འོད་གསལ་བའི་རང་བཞིན་ཅན་ལས་རྐྱེན་གཞན་གྱིས་གཞན་དུ་བསྒྱུར་དུ་མི་ནུས་པར་སྐྱེ་བས་རང་བཞིན་ཞེས་བརྗོད་ཀྱི། ཀུན་མཁྱེན་གོ་བོས་བཞེད་པས་རང་བཞིན་དང་ཆོས་དབྱིངས་དོན་གཅིག་པ་དབུ་མའི་ལུགས་སུ་མི་བྱེད་པ་རྒྱུད་བླ་མར་རིགས་ཁམས་སྦྲང་རྩི་དང་འདྲ་ཞེས་སོགས་དང་། བསྟོད་ཚོགས་ལས་ཀྱང་། བདེ་ལེགས་སེམས་ལས་སངས་རྒྱས་འབྱུང། ཞེས་སོགས་ཁུངས་སུ་མཛད་དོ། །དེ་བཞིན་མི་འདྲ་བ་གཞན་ཞིག་ནི། རྒྱུད་བླར་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་ཆོས་སྐུ་འཕྲོ་བའི་དོན་ནི་རྟོགས་པ་ཆོས་སྐུ་དང་བསྟན་པ་ཆོས་སྐུ་གཉིས་ཀྱི་གནས་གྱུར་ཐོབ་པའི་རྒྱུ་རང་བཞིན་རྣམ་དག་གི་ཆ་ཡིས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་དོན་ཡིན་ལ། །འདི་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་ཏུ་རུང་བར་འདོད་ན་ནི། དེའི་ཐད་འགྲེལ་པར་མདོ་སྡེ་རྒྱན་གྱི་ལུང་ཇི་ལྟར་ནམ་མཁའ་རྟག་ཏུ་ཀུན་སོང་འདོད། །ཅེས་སོགས་ཤེས་བྱེད་དུ་དྲངས་པ་དང་འགལ་ལས་མི་འཐད་ཅེས་གསུངས་པ་ནི། གོ་བོ་རབ་འབྱམས་པ་དང་འབྲེལ་ཚུལ་ཅུང་མི་འདྲ་སྙམ། དེ་བཞིན་ཉིད་དབྱེར་མེད་པའི་དོན་མཐའ་བཞིའི་སྤྲོས་པས་སྟོང་པའི་དེ་བཞིན་ཉིད་ནི། གཞི་འབྲས་དང་ཕྱི་ནང་ཀུན་ལ་ཁྱབ་པས་དབྱེར་མེད། ཅེས་དང་། རིགས་ཡོད་ཅེས་པས་ནི། རྐྱེན་གྱིས་སད་པར་བྱ་བའི་སེམས་གྱི་ནུས་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བཤད་གསུངས། སྙིང་པོར་དྲིལ་ན་འདི་ལྟར། ཚིགས་རྐང་དང་པོས་སེམས་རྒྱུད་ཀྱི་ཆོས་དབྱིངས་སམ་བདེ་གཤེགས་སྙིང་པོ་འདུས་མ་བྱས་པས་སེམས་ཅན་ལ་ཁྱབ་པ། གཉིས་པས་མཐའ་བཞིའི་སྤྲོས་པས་སྟོང་པའི་དེ་བཞིན་ཉིད་ཆོས་ཐམས་ཅད་ལ་ཁྱབ་པ། གསུམ་པས་དྲི་བཅས་ཀྱི་སེམས་འོད་གསལ་བའི་བདག་ཉིད་ཀྱང་འདུས་བྱས་རང་བཞིན་གནས་རིགས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྟན་པའི་དོན་དུ་བཞེད་དོ། །དེས་ན་དང་པོ་རང་བཞིན་རྣམ་དག་ནི་སེམས་རྒྱུད་ཀྱིས་བསྡུས་པ་ཁོ་ནའི་དབང་དུ་བྱས་ལ། གཉིས་པ་དེ་བཞིན་ཉིད་ནི་ཕྱི་ནང་ཀུན་ལ་ཁྱབ་པའི་ཕྱིར་ཟློས་པའི་སྐྱོན་ཡང་མེད་ཅེས་གསུངས། །གཞན་ཡང་རང་བཞིན་གནས་རིགས་འདུས་མ་བྱས་ཆོས་ཉིད་འབའ་ཞིག་ཏུ་འདོད་པ་ལ་ནི་རྐྱེན་གྱིས་སད་པའི་དོན་མེད་པས་རིག་པའི་ཆའང་འདོད་དགོས་ལ། དེ་ཡང་རང་བཞིན་གྱིས་མི་སྟོང་ན་མི་འགྱུར་བས་རྐྱེན་གྱིས་སོས་བཏབ་པར་མི་རུང་ངོ་། །དེས་ན་རང་བཞིན་གྱིས་སྟོང་པས་ཁྱད་པར་དུ་བྱས་པའི་སེམས་ལས་འབྲས་བུ་འབྱུང་བའི་ཕྱིར་དབྱིངས་རིགས་དབྱེར་མེད་ལ་འདོད་དགོས་གསུངས།
    ཀུན་མཁྱེན་གོ་བོས་ནི། ཚིགས་རྐང་དང་པོས། སངས་རྒྱས་རང་གི་ཆོས་ཉིད་སེམས་ཅན་ལ་ཡོད་པར་གཟིགས་ནས་ཆོས་སྟོན་པ་སོགས་འཕྲིན་ལས་འཇུག་ཏུ་རུང་བའི་དོན་དང་། གཉིས་པས་ནི། སེམས་ཅན་དང་སངས་རྒྱས་རང་བཞིན་རྣམ་དག་གི་ཆོས་ཉིད་དབྱེར་མེད་པས་དྲི་མ་སེམས་གྱི་གཤིས་ལ་མ་གཞུག་པས་འགལ་རྐྱེན་སྒྲིབ་པ་སྤང་དུ་རུང་བ་དང་། གསུམས་པས་ནི། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་དུ་རུང་བའི་ཆོས་ཀྱི་དབྱིངས་བསྟན་པར་འདོད། །མདོར་ན་ངོ་བོ་ཉིད་ཀྱི་སྐུ་དབྱིངས་རིགས་དབྱེར་མེད་ཡིན་པས་དེའི་རྒྱུ་རང་བཞིན་གནས་རིགས་ཀྱང་དབྱིངས་རིག་དབྱེར་མེད་དུ་གྲུབ་པར་གསུངས།
    ཡང་ཆོས་དབྱིངས་དེ་ཉིད་སྒྲུབ་པ་ཉམས་ལེན་གྱི་རྟེན་དང་། རྒྱུའི་སྒོ་ནས་རིགས་སུ་འགྱུར་ཚུལ་གཉིས་ལས། དང་པོ་སྒྲུབ་པའི་རྟེན་བྱང་ཆུབ་སེམས་པར་འཇོག་དགོས་ལ། དེའང་མིག་སོགས་ནང་གི་སྐྱེ་མཆེད་དྲུག་ལ་འདོགས། སྐྱེ་མཆེད་གཞན་རྣམས་དྲུག་པ་ཡིད་ཀྱི་སྐྱེ་མཆེད་ལ་བརྟེན། དེ་ཡང་དོན་དམ་པ་ལ་ཆོས་ཉིད་ཀྱི་ངོ་བོར་གནས་པས་ཐམས་ཅད་ཆོས་ཉིད་ལ་བརྟེན་པར་དགོངས་ནས་ནང་གི་ཆོས་ཉིད་རིགས་སུ་བསྟན་ཏོ། །མངོན་རྟོགས་རྒྱན་ལས། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཞེས་པའི་དོན་དང་། དེ་བཞིན་རྒྱུད་བླ་མར། ཕུང་པོ་ཁམས་དབང་སྐྱེ་མཆེད་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་གསུངས། རྒྱུའི་སྒོ་ནས་རིགས་སུ་འགྱུར་ཚུལ་ནི། ཡིད་ཀྱི་ཤེས་པས་གནས་ཚུལ་ལ་དམིགས་ཏེ་བསྒོམས་པ་ལས། སེམས་ཀྱི་ཆོས་ཉིད་ཀྱི་དྲི་མ་སྦྱོང་བྱེད་ཀྱི་སྒྲུབ་པ་འབྱུང་ཞིང་། སྒོམ་པ་མཐར་ཐུག་པའི་ཚེ་ན་ཆོས་ཅན་ཡིད་ཤེས་དང་། དེའི་ཆོས་ཉིད་དྲི་མ་དང་བྲལ་ནས་སངས་རྒྱས་ཀྱི་ཡེ་ཤེས་དང་། དྲི་མ་མེད་པའི་དེ་བཞིན་ཉིད་དུ་གནས་འགྱུར་བས་ཆོས་ཉིད་རྒྱུར་འདོད་པ་ཡིན་ནོ། །ཕྱི་རོལ་གྱི་ཆོས་ཉིད་རིགས་སུ་མི་འཇོག་པ་ནི་དེ་ལྟར་མི་རུང་བའི་གནད་ཀྱི་ཡིན་ཞེས་གསུངས། མདོར་ན་དཔོན་སློབ་འདི་གཉིས་གསལ་ཁ་ཡོད་མེད་ཙམ་ལས་ཕུགས་ཀྱི་བཞེད་པ་ཕལ་ཆེར་མཐུན་ནོ། །པཎ་ཆེན་ཤཱཀྱ་མཆོག་ལྡན་པས་ནི། བདེ་བར་གཤེགས་པའི་སྙིང་པོ་དངོས་ནི་སངས་རྒྱས་ཁོ་ནར་ཡོད་ཅིང་། མཚན་ཉིད་ཀྱང་རྣམ་གཞག་རྣམ་པ་བཅུ་དང་ལྡན་པའི་ཆོས་སྐུར་བཞེད་ཅིང་། སེམས་ཅན་གྱི་རྒྱུད་ཀྱི་རང་བཞིན་རྣམ་དག་གི་ཆོས་ཉིད་ནི་བདེ་གཤེགས་སྙིང་པོ་མཚན་ཉིད་པ་མ་ཡིན་པས་སྙིང་པོ་ལ་རང་བཞིན་རྣམ་དག་གི་དང་། གློ་བུར་རྣམ་དག་གིས་དབྱེ་བས་གཉིས་སུ་འབྱེད་པ་མདོ་གཞུང་ན་གསལ་བར་བཞུགས་པ་དེའི་ཚེ། གློ་བུར་རྣམ་དག་གི་མཚན་ཉིད་ཚང་བའི་སྙིང་པོས་གཞིའི་སེམས་ཅན་ལ་ཁྱབ་པར་གསུངས་པ་དེས་ནི་དགོས་པ་རྣམ་ལྔ་གྲུབ་མོད་དངོས་ལ་གནོད་བྱེད་ཡོད་པས་དྲང་བའི་དོན་ནོ། །དེས་ན་རྒྱུད་བླར་རྫོགས་སངས་སྐུ་ནི་སོགས་རྒྱུ་མཚན་གསུམ་གྱིས་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པའི་དགོངས་པའང་དྲི་བཅས་དེ་བཞིན་ཉིད་ཀྱིས་ཁྱབ་པ་ལ་དགོངས་ནས་གསུངས་པ་ཡིན་ལ། དགོས་པ་སྐྱོན་ལྔ་སྤང་བའི་ཕྱིར་དུ་དང་། གཞན་སྒྲ་ཇི་བཞིན་པ་ཡིན་ན་དེ་ཐམས་ཅད་དེའི་སྙིང་པོ་ཅན་དུ་བསྒྲུབ་པའི་གཏན་ཚིགས་འདི་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་མ་ཡིན་ཏེ། ཤིན་ལྐོག་གི་དོན་ལ་དངོས་སྟོབས་མི་འཇུག་པའི་ཕྱིར་དང་། ཡིད་ཆེས་པའི་གཏན་ཚིགས་ཀྱང་མ་ཡིན་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་གསུངས། གཞན་དུ་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེའི་རིགས་ཡོད་པའི་ཕྱིར་ཞེས་པ་དེ་རྒྱུ་རྟགས་སུ་བཀོད་ནས་འབྲས་བུ་ཡོད་པར་བསྒྲུབ་པ་ཡིན་པས། གཏན་ཚིགས་ཡང་དག་ཏུ་སོང་བའི་སྐབས་མེད་ལ། ཁོ་བོ་ཅག་ལྟར་ན་ནི། སྙིང་པོའི་དགོངས་གཞི་འཆད་པ་ཡིན་ལ། དེའི་དོན་ཡང་མ་འོངས་པ་ན་སྙིང་པོ་འབྱུང་དུ་རུང་སྟེ། དེའི་རིགས་ཡོད་པའི་ཕྱིར་ཞེས་འགོད་པ་ཡིན་པས་རང་བཞིན་གྱི་གཏན་ཚིགས་སོ་གསུངས། གཞན་ཡང་བདེ་བར་གཤེགས་པའི་སྙིང་པོ། ཆོས་སྐུ། དེ་བཞིན་གཤེགས་པ། དོན་དམ་པའི་བདེན་པ་མཐར་ཐུག་པ། མི་གནས་པའི་མྱ་ངན་ལས་འདས་པ་སྟེ། མིང་གི་རྣམ་གྲངས་ཡིན་པས་སངས་རྒྱས་ལས་གཞན་ལ་མེད་དོ། །ཞེས་གང་ཕྱིར་དེ་ནི་ཆོས་སྐུ་དེ་ནི་དེ་བཞིན་གཤེགས། །ཞེས་སོགས་ཀྱི་ལུང་ཤེས་བྱེད་དུ་བྱེད་དོ། ། རེ་ཞིག་འདིར་མཇུག་བསྡུའོ།། །།

དཔྱད་རྩོམ་རྒྱས་པ། Full Paper[edit]

དཔྱད་རྩོམ་ཕབ་ཞུས་/Download Paper

15:00 AM[edit]

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

སྤྱི་ལོ་ ༡༩༧༧ ་ལ་མདོ་སྨད་རྔ་ཡུལ་དུ་འཁྲུངས་ཤིང་། ཆུང་དུས་ནས་ཇོ་ནང་བསེ་དགོན་ཆེན་དུ་མཁར་བླ་མ་ཤེས་རབ་ཆོས་འཕེལ་གྱི་མདུན་སར་རབ་ཏུ་བྱུང་ནས་ཡི་གེ་འབྲི་ཀློག་སོགས་ཀྱིས་གཙོས་འདོན་རྟ་དབྱངས་སོགས་སྦྱངས་ནས་མཐར་དགོན་པའི་ཕྱག་སྲོལ་ཡོད་པ་བཞིན་དཔལ་ལྡན་བླ་མ་དམ་པ་ཀུན་དགའ་ཐུགས་རྗེ་དཔལ་མཆོག་གྱི་སྐུ་མདུན་དུ་ལོ་གསུམ་ཟླ་གསུམ་གྱི་རིང་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་མཛད་ཅིང་། སྤྱི་ལོ་ ༡༩༩༨ ་ལོར་རྒྱ་གར་དུ་འབྱོར་ནས་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གྱི་ཆོས་སྒོར་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་རིམ་གྲིས་སྦྱངས་ནས་འཛིན་གྲྭ་ཡོངས་རྫོགས་མཐར་ཕྱིན་པར་མཛད། དེ་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་མཉམ་ཞུགས་བྱས་ཏེ་མཐར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པ་དང་། དེའི་རྗེས་རི་བོ་དགེ་ལྡན་པའི་ཕྱག་སྲོལ་བཞིན་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་གསང་བ་སྔགས་ཀྱི་ཆོས་ཐོག་འགྲིམ་སྟེ་སྔགས་ཀྱི་རྒྱུགས་སྤྲོད་ལེགས་པར་ཐོན་པར་མཛད། དེང་སྐབས་བལ་ཡུལ་ཇོ་ནང་དགོན་པའི་དཔེ་ཁྲིད་དགེ་རྒན་གྱི་ཕྱག་འགན་བཞེས་བཞིན་པ་ལགས།།

དཔྱད་རྩོམ་རྒྱས་པ། Paper[edit]

དཔྱད་རྩོམ་ཕབ་ཞུས་/Download Paper

16:30 AM[edit]

གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]

སྤྱི་ལོ་ ༡༩༧༩ ་ལ་ཁྱུང་པོ་སྟེང་ཆེན་དུ་འཁྲུངས། ལོ་ ༨ ་ནས་ལམ་རིམ་བླ་མ་པདྨ་རྡོ་རྗེའི་སྐུ་ནས་རབ་ཏུ་བྱུང་སྟེ་དིལ་མགོ་བསམ་གཏན་གླིང་དུ་ཆོས་སྒོར་ཞུགས། བོད་ཡིག་འབྲི་ཀློག་སོགས་ལ་བསླབས་ནས་རིམ་བཞིན་ཆོ་ག་ཆོས་སྤྱོད་སོགས་བློ་འཛིན་གནང། སྤྱི་ལོ ༡༩༩༦ ་ལོར་རྒྱ་གར་དུ་འབྱོར་ཏེ། བྱེས་ཀྱི་གདན་ས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྒྲིག་ཞུགས་མཛད། གཞུང་ཆེན་བཀའ་པོད་ལྔར་གྲྭ་ཚང་གི་འཛིན་གྲྭ་བཞིན་སློབ་མཐར་སོན་ཏེ། སྤྱི་ལོ་ ༢༠༡༢ ་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོར་ཞུགས། སྤྱི་ལོ་ ༢༠༡༨ ་ལ་སློབ་མཐར་སོན་ཏེ། སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་གནང་། དེ་ནས་གསང་ཆེན་རིག་པ་འཛིན་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་རིང་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་གསན་བསམ་མཛད་དེ། སྤྱི་ལོ་ ༢༠༡༩ ་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་གཉེར་ལྷན་ཚོགས་ཀྱི་རྒྱུན་ལས་ལོ་གཅིག་དང་། དཔེ་ཁྲིད་དགེ་རྒན་གྱི་ཕྱག་འགན་འཁུར་བཞིན་པ་དང་། ད་ལྟ་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་རིམ་ནང་དབུ་མའི་ཐོག་ཉམས་ཞིབ་གནང་བཞིན་པ་ལགས།།

གཏམ་བཤད་བཅུད་དོན། Abstract[edit]

དགེ་བཤེས་ངག་དབང་མཚན་བཟང་གི་གཏམ་བཤད་བཅུད་དོན།


བོད་རྒྱུད་ནང་བསྟན་ཆོས་ལུགས་རིས་མེད་ཀྱི་བདེ་གཤེགས་སྙིང་པོའི་དགོངས་བཞེས་དང་ཉམས་བཞེས་སྐོར་བགྲོ་གླེང་ཐོག་དགའ་ལྡན་ཤར་རྩེ་དགེ་བཤེས་ངག་དབང་མཚན་བཟང་གི་བརྗོད་དོན་རགས་བསྡུས།
༡༽ མདོ་སོགས་ལས་བདེ་གཤེགས་སྙིང་པོ་བསྟན་ཚུལ།
༢༽ བདེ་གཤེགས་སྙིང་བོ་བསྟན་པའི་ཕན་ཡོན་ནམ་དགོས་པ།
༣༽ བདེ་གཤེགས་སྙིང་པོའི་ངོ་བོ་ངོས་འཛིན།
དང་པོ་ལ་གཉིས།
༡༽ སེམས་ཀྱི་རང་བཞིན་ངོས་འཛིན་དང་དེ་འོད་གསལ་བ་ཡིན་ཚུལ།
༡༽ དྲི་མའི་ངོས་འཛིན་དང་དྲི་མ་གློ་བུར་བ་ཡིན་པའི་རྒྱུ་མཚན།
གཉིས་པ་ལ་གཉིས།།
༡༽ དྲི་བཅས་སེམས་ཀྱི་ཆོས་ཉིད་དང་དག་པ་གཉིས་ལྡན་གྱི་ཆོས་སྐུ་སྐྱེ་རུང་གི་ནུས་པ།
༢༽ སེམས་ཅན་གྱི་སེམས་རང་བཞིན་གྱིས་གྲུབ་པའི་སྟོང་བ་དང་། རང་བཞིན་གནས། རིགས་སངས་རྒྱས་ཀྱི་རིགས། བདེ་གཤེགས་སྙིང་པོ་སོགས་ཀྱི་ཁྱད་པར།
༡༽ འཁོར་བར་འཁོར་ཚུལ།
༢༽ བདེ་གཤེགས་སྙིང་པོ་མ་རྟོགས་ན་འཁོར་པ་ལས་མི་གྲོལ་བའི་ཚུལ།

June 2[edit]

June 3[edit]