Tibetan

From Buddha-Nature

< Texts/Dbu ma gzhan stong smra ba'i srol legs par phye ba'i sgron me

Revision as of 07:25, 4 September 2020 by Gwen (talk | contribs) (Created page with "{{TextSubpage |textSubLanguage=Tibetan |textSubContent=<centre>༄༅།།དབུ་མ་གཞན་སྟོང་སྨྲ་བའི་སྲོལ་ལེགས་...")
(diff) ← Older revision | Latest revision (diff) | Newer revision → (diff)

དབུ་མ་གཞན་སྟོང་སྨྲ་བའི་སྲོལ་ལེགས་པར་ཕྱེ་བའི་སྒྲོན་མེ།
dbu ma gzhan stong smra ba'i srol legs par phye ba'i sgron me
SOURCE TEXT

Back to text page ·   Switch to: Tibetan


<centre>༄༅།།དབུ་མ་གཞན་སྟོང་སྨྲ་བའི་སྲོལ་ལེགས་པར་ཕྱེ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། །།</centre> རང་སྤྱི་གང་དང་མ་འདྲེས་གསང་བའི་གསང། བློ་བུར་སེམས་ཀྱིས་ནམ་ཡང་རྟོགས་མིན་པར། རྣལ་འབྱོར་ཡེ་ཤེས་རྡོ་རྗེ་ལས་སྐྱེས་པའི། །དབྱིངས་ཉིད་དེ་ཉིད་རིག་པས་གང་མཐོང་བ། སྟོན་པ་རྣམས་ལ་བདག་ཡིད་ལྷག་པར་དད། །ཐུབ་དབང་བསིལ་ཟེར་བྱེད་པ་ཡི། །བསྟན་པའི་འོད། དཀར་རྒྱས་མོད་ཀྱང། དགོངས་དོན་ཇི་ལྟར་གསལ་བ་ཡི། རི་དྭགས་རྟགས་ཅན་རི་མོ་ནི། མ་ཕམ་པ་ལས་གཞན་པ་སུ། མ་ཕམ་ཆོས་ཀྱི་གཟུགས་བརྙན་ནི། ཐོགས་མེད་ཟླ་བའི་རྒྱ་མཚོ་ལ། ཤར་ཚེ་ཐེག་པ་ཆེན་པོ་བསྟན། རྣམ་འགྱུར་ཡ་མཚན་མང་དུ་སྤེལ། དེ་སྐད་དུ་རྒྱལ་དང་རྒྱལ་བའི་སྲས་རྣམས་ལ་བསྟོད་དབྱངས་ཡ་མཚན་པའི་ཕྲེང་བ་མཚར་དུ་དངར་བ་ཕུལ་ནས། བདེན་པ་གཉིས་ཀྱི་དོན་རྣལའབྱོར་སྤྱོད་པའི་ས་ལས་བྱུང་བའི་ཆོས་ཀྱི་ཚུལ་ཅུང་ཟད་བརྗོད་པར་བྱའོ། དེ་ལ་དེ་བཞིན་གཤེགས་པའི་གནས་ཟབ་མོའི་དབྱིངས་ལས་རྟོགས་པའི་ཡེ་ཤེས་ཡེ་གདོད་མ་ནས་དབྱིངས་བདེ་གཤེགས་སྙིང་པོ་དང་ཐ་མི་དད་དུ་ཡོད་པའི་རིག་པ་ལྡང་བ་དེའི་ཚེ་སྒྲིབ་པའི་ས་བོན་ཐམས་ཅད་པ་སྤངས་ཏེ། རྟོགས་པ་ཡེ་ཤེས་ཀྱི་རང་རིག་པ་དེ་ནི་གནས་གྱུར་པའི་ཡེ་ཤེས་ཀྱིས་ཚོགས་དཔག་ཏུ་མེད་པ་བསྒྲུབས་ཏེ། ཇི་ལྟར་བསྒྲུབ་ཅེ་ན་སྒྲིབ་ན་སྒྲིབ་པར་བཅས་པའི་སེམས་ཅན་གྱི་རྣམ་རིག་ལ་དྲི་མ་དང་བྲལ་བར་བྱས་པའི་ཤེས་པ་ལ་ཡེ་ཤེས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་པ་དང་། །དྲི་བྲལ་གྱི་ཤེས་པའི་ཆ་ལའང་ཡེ་ཤེས་ཀྱི་ཆ་ཡོད་པ་གཉིས་ཀའི་ནུས་པ་ལས་རྣམ་རིག་དྲི་མེད་གནས་གྱུར་ཏེ། རྟོགས་ཡེ་ཆོས་སྐུ་དང་རོ་གཅིག་ཏུ་གྱུར་ནས། སངས་རྒྱས་ཀྱི་ཡོན་ཏན་ཡེ་གདོད་མ་ནས་གནས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་ཐ་དད་པར་དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་བྱ་བ་བྱེད་དོ། དེ་ལྟར་ན་རྟོགས་པའི་ཡེ་ཤེས་ཉིད་ཀྱིས་གང་རྟོགས་པར་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱིངས་མངོན་སུམ་དུ་ངེས་པར་བྱེད་པའོ། ངེས་བྱེད་ཀྱི་རྟོག་རིག་དེ་ནི་ཇི་སྲིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དངོས་དང་། དེ་དང་རྗེས་སུ་མཐུན་པར་ས་དང་པོ་ནས་བཅུ་པའི་བར་ངེས་པར་འབྱིན་པ་བཅུའི་རྟོག་རིག་རྣམས་ཏེ། རྟོག་རིག་འདི་ཡེ་གདོད་མ་ནས་ཡོད་པའི་དོན་གྱིས་སོ་སྐྱེའི་སེམས་དང་སེམས་བྱུང་ལས་ལྟོས་པའི་ལམ་དེས་བསྒྲུབས་པ་ཐམས་ཅད་ངལ་བ་དོན་མེད་དུ་མི་འགྲོ་ཞིང། ཡང་དག་པར་ཚུལ་བཞིན་དུ་མོས་པ་དོན་ལྡན་གྱི་གཞིའམ་རྟེན་དུ་འགྱུར་པས་སོ། དེས་ན་རྡོ་རྗེ་ལྟ་བུའི་རྟོག་རིག་དངོས་དེ་བསྐྱེད་པའི་ཐབས་ནི་ཐོག་མར་ཐོས་བསམ་སྒོམ་གསུམ་གྱི་སྟོབས་ལས་། །སོ་སོ་སྐྱེ་བོའི་སེམས་དང་སེམས་བྱུང་རྣམ་པར་དག་ཏུ་བཅུག་པའི་རྗེས་སུ་ཐོས་བསམ་སྒོམ་གསུམ་གང་གི་མཐུ་ལ་ལྟོས་མི་དགོས་པར། རང་བྱུང་དུ་རྡོ་རྗེ་ལྟ་བུའི་རྟོགས་པ་ཡེ་ཤེས་དེ་ནི་ཉི་མའི་དཀྱིལ་འཁོར་སྐད་ཅིག་ཏུ་འཆར་བའི་ཚེ་མ་རིག་བག་ཆགས་ཀྱི་མུན་པ་རྩ་བ་ནས་དྲུངས་འབྱིན་པ་ལྟར་། ཡེ་ཤེས་ཀྱི་འོད་དབྱུང་བ་དང། མ་རིག་པའི་དཔུང་གཉིས་དུས་གཅིག་ཆར་དུ་སྐད་ཅིག་ཐུག་ཕྲད་ལ་གཞོམ་པར་ནུས་པ་ནི་རྡོ་རྗེའི་དོན་ཏེ། དེས་ན་རྒྱུད་བླ་མར་རྡོ་རྗེའི་གནས་བདུན་ཞེས་པའི་དོན་ནི་དེའོ། གཞན་ཡང་ལུགས་འདི་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་དང། ཆོས་ཀྱི་སྐུ་དང། མྱ་ངན་ལས་འདས་པའི་དབྱིངས་དང། ཡང་དག་པར་རྫོགས་པའི་བྱང་ཆུབ་རྣམས་མིང་ཐ་དད་པ་ཙམ་མ་གཏོགས་དོན་གཅིག་སྟེ། དེ་བཞིན་གཤེགས་པ་ཉིད་མངོན་དུ་གྱུར་པ་ནི་ཆོས་ཀྱི་སྐུ་ཞེས་བརྗོད་ལ། ཆོས་ཀྱི་སྐུ་ཞེས་བྱ་བ་ཡང་གནས་སྐབས་གསུམ་ཀར་གནས་ཀྱང་། སྒྲིབ་པའི་ཚོགས་སྤངས་པས་ཁྱད་པར་དུ་བྱས་པའི་ཚེ་ཆོས་ཐམས་ཅད་ཀྱི་ཁྱབ་བྱེད་དུ་གྱུར་པའི་ཁྱབ་པ་དང། འཇུག་པའི་སྐུ་མི་ཟད་པར་སྟོན་ནུས་པས་ཆོས་ཀྱི་སྐུ་དང། དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡེ་གདོད་མ་ནས་མངོན་པར་བྱང་ཆུབ་པ་སྟེ། དེ་ཡང་གནས་སྐབས་གསུམ་དུ་བྱང་ཆུབ་ལས་འགྱུར་བ་མེད་པ་སྟེ། ཡེ་ནས་དེ་ཉིད་ལ་དྲི་མས་གོས་པ་མེད་ཅིང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། དེས་ནི་དེ་བཞིན་གཤེགས་པའི་སྙིང་པོར་ནི་ཐོག་མར་དྲི་མས་གོས་པ་དང། རྗེས་སུ་དྲི་མའི་ཚོགས་སྤངས་པ་ཡང་མེད་དོ་ཞེས་བསྟན་ནས་དེ་བཞིན་གཤེགས་པའི་སྙིང་པོ་ནི་དཀོན་མཆོག་གསུམ་ཉིད་ཡིན་ཏེ། གནས་སྐབས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང། མཐར་ཐུག་རང་བྱུང་ཡེ་ཤེས་ཀྱི་དགེ་ལེགས་སྦྱིན་པར་ནུས་པས་སོ། །དེས་ན་ཆོས་ཀྱི་སྐུ་དེ་ནི་ཕྱོགས་བཅུ་དང་དུས་གསུམ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེ་བ་མེད་ཅིང། དབྱེ་བ་མེད་པའི་ཡེ་ཤེས་ཡོན་ཏན་དང་བཅས་པ་དེ་ནི་ཉོན་མོངས་པའི་སྦུབས་དང་མ་བྲལ་བ་རྣམས་ལའང་དེ་ཉིད་གང་ཡིན་པ་དེ་གནས་སོ། །དེ་བས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པ་ལ། མཉམ་པ་ཉིད་གང་ཞེ་ན་དོན་དམ་པའི་བདེན་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྗོད་ཀྱི། དེ་བཞིན་གཤེགས་པའི་སྙིང་པོ་བླ་ན་མེད་པའི་དབྱིངས་ལ་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་གོ་འཕང་མཛད་པ་དེ་ནི།འཇིག་རྟེན་ཁམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སྙིང་པོར་ལ་མངོན་པར་གཤེགས་ཞེས་པའི་དོན་ཏོ། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཡིན་པའི་ཕྱིར། སེམས་ཅད་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱིས་མཚམས་སྦྱོར་བ་འཇོམས་པའི་རྗེས་ཐོག་ཏུ་དེ་བཞིན་གཤེགས་པའི་མཛད་པ་ལྷུན་གྲུབ་རྒྱུན་མི་འཆད་པ་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་དུ་སྟོན་ཞིང་། དེ་བཞིན་གཤེགས་པ་ཉིད་ཀྱིས་དེའི་ཚེ་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་སྟོབས་ཀྱིས་ཆོས་ཀྱི་འཁོར་ལོ་ངེས་པའི་དོན་ཅན་དང། སློབ་མ་ས་ཆེན་པོ་ལ་གནས་པ་བསམ་གྱིས་མི་ཁྱབ་པ་རྣམས་སྐད་ཅིག་ཏུ་སྟོན་པར་ནུས་པ་ནི་དེ་བཞིན་གཤེགས་པའི་ཆོས་ཉིད་དོ། འདི་ནི་ཐེག་པ་ཆེན་པོ་དབུ་མ་པར་རློམ་པ་འགའ་ཞིག་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ཁོང་དུ་མ་ཆུད་པར། དེ་བཞིན་གཤེགས་པ་ནི་སྟོང་པ་ཉིད་ཁོ་ནས་ཕྱེ་བའི་དབང་དུ་བྱས་ནས་དོན་དམ་པའི་བདེན་པ་ནི་གང་དུ་འང་བསྟན་དུ་མེད་པའི་དོན་ལ་མངོན་པར་ཞེན་པ་ནི་ཐེག་པ་ཆེན་པོར་གནས་ལུགས་དོན་དམ་ངེས་པའི་དོན་དུ་མི་འགྲོ་སྟེ། ཅིའི་ཕྱིར་ཞེ་ན་། སྟོང་ཉིད་རྒྱུན་ཆད་ཉན་རང་གི་དགྲ་བཅོམ་དང་མཚུངས་པར་འགྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རང་བཞིན་གྱི་དོན་མངོན་པར་གྲུབ་པ་སྟེ། ཆོ་འཕྲུལ་བཟོད་པར་དཀའ་བ་ཟད་མི་ཤེས་པ་དེ་བཞིན་གཤེགས་པས་ངོ་མཚར་བ་དུ་མ་སྟོན་པ་ནི་ཕྱི་མའི་མུར་ཐུག་པ་མེད་པར་མངའ་བས་སངས་རྒྱས་ཀྱི་ཡོན་ཏན་དང་མཛད་པ་རྟག་པ་དང་བརྟན་པའི་རང་བཞིན་ཅན་འདི་ནི་དོན་དམ་པའི་བདེན་པ་ཡིན་ཞེས་དབུ་མ་པ་ཆེན་པོ་ཐོགས་མེད་ཞབས་ཀྱིས་བཞེད་དོ། །       དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་སངས་རྒྱས་ཀྱི་སར་ཆོས་ཀྱི་སྐུའི་མིང་འདོགས་པའི་རྒྱུ་མཚན་ཅི་ཞེ་ན་། སོ་སོ་སྐྱེ་བོ་དང་མོས་སྤྱོད་པ་རྣམས་ཀྱི་ལུས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་འདུས་པ་ཟག་པ་དང་བཅས་པའོ། དགྲ་བཅོམ་པ་དང་ས་ལ་གནས་པའི་སེམས་དཔའ་རྣམས་ཀྱི་ལུས་ནི་ཡིད་ཀྱི་རང་བཞིན་རྣམ་པར་འཕྲུལ་པ་ཟག་པ་མེད་པའོ། རྫོགས་པའི་སངས་རྒྱས་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་ཁྱབ་བདག་གཅིག་ཏུ་སྡོམས་པ་དུ་མའི་རྣམ་པར་རོལ་པ་ཆོས་ཀྱི་སྐུ་སྟེ་ཟག་པ་དང་ཟག་མེད་ཐམས་ཅད་ལས་རྣམས་པར་གྲོལ་བའི་སྐུ་དེ་ནི་ཡེ་གདོད་མ་ནས་སྐྱེ་འཆི་འཕོ་དང་བྲལ་བའི་ཕྱིར་འདུས་བྱས་ཀྱི་ཆ་སྤངས་པ་དང། དེ་ཉིད་ལ་སྤྲོས་ཚོགས་ཡེ་ནས་ཞི་ཞིང་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོ་ལྷུན་གྲུབ་ཏུ་གནས་ལ་། དེ་ཉིད་རྟོགས་པར་བྱེད་པའི་རྟོགས་རིག་ཡུལ་ཅན་དེ་ནི་སྤྲོས་པའི་ཚོགས་གཞན་ལ་རག་མ་ལས་པ། ངོ་བོ་ཉིད་ཀྱིས་རང་རིག་པའི་ཕྱིར་རང་རིག་དག་པ་ཉིད་ཀྱི་དག་པས་གཞན་ལ་མི་ལྟོས་པ་དེ་ནི་ལུགས་བླ་ན་མེད་པ་སྟེ། བྱེ་བྲག་སྨྲ་བ་ལྟར་སྤྱོད་པའི་དབུ་མ་པ་རྣམས་ཀྱི་ཡུལ་མིན་ནོ། དེའི་ཡོན་ཏན་ལས་རང་གཞན་གྱི་དོན་མཁྱེན་པ་དང་བརྩེ་བས་སེམས་ཅན་གཞན་གྱི་དྲི་མ་སྦྱོང་བར་མཛད་དོ། དེས་ན་དེ་བཞིན་གཤེགས་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་མའི་ཡེ་ཤེས་དེ་ནི་སློབ་དཔོན་མེད་པར། རང་བྱུང་གི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཞེས་ཐོགས་མེད་ཞབས་ཀྱིས་གསུངས་ལ། དོན་འདི་དང་མཐུན་པར་གནས་བརྟན་དབྱིག་གཉེན་གྱིས་ཀྱང་མདོ་སྡེ་རྒྱན་གྱི་འགྲེལ་པར། རང་སངས་རྒྱས་ཀྱི་ཡེ་ཤེས་ཇི་ལྟ་བ་དེ་ཡང་རྫོགས་པའི་སངས་རྒྱས་ཀྱི་མངོན་པར་འདུ་བྱ་བ་དང་པོ་དང་ཐ་མི་དད་པ་སྟེ་ཞེས་གསུང་ལ། གཞན་དག་དེ་ལྟར་རྫོགས་པའི་སངས་རྒྱས་སངས་རྒྱས་མ་ཐག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་བས་སློབ་དཔོན་དུ་འགྱུར་བ་དང། སྔགས་ཀྱི་ཚུལ་ལ་སངས་རྒྱས་སངས་རྒྱས་མ་ཐག་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུན་མོང་མིན་པའི་དོན་དམ་པའི་སེམས་འོད་གསལ་རྡོ་རྗེ་སྒོམ་དུ་བཞུགས་པས་སོ་ཞེས་ཟེར་ལ། དེ་ནི་ཐབས་ཙམ་དུ་ཟད་ཀྱི། སངས་རྒྱས་རང་གི་ཡེ་ཤེས་རང་ལ་སྐྱེས་ཏེ་རང་གིས་མངའ་དབང་དུ་མཛད་པ་ནི་དེ་བཞིན་གཤེགས་པ་གཞན་གྱི་རྒྱུད་ལ་རག་མ་ལས་པའི་ཕྱིར། སངས་རྒྱས་འགྱུར་གྱི་རང་མཚན་ཁོ་ན་ལའོ། སངས་རྒྱས་ནས་ནི་སངས་རྒྱས་ཐམས་ཅད་དང་དབྱེ་བ་མེད་པ་ཉིད་དོ། དེས་ན་དབུ་མ་ཆེན་པོ་ཐོགས་མེད་ཞབས་ཀྱིས་ནི་སྒོམ་ལམ་ཐ་མའི་ཚེ་ན་སངས་རྒྱས་འགྱུར་གྱི་རྒྱུད་དེ་ཉིད་ལ་དེ་བཞིན་གཤེགས་པ་བཞུགས་པ་དེ་ལ་གཉེན་པོ་རང་རིག་ཤར་ཏེ་སྤངས་པ་མ་ལུས་པ་སྤངས་ལ།མཐོང་བ་དང་བསྒོམ་པས་སྤོང་བ་གཞན་རྣམས་སུ་ནི་དེ་བཞིན་གཤེགས་པ་གཞན་གྱི་ཐུགས་རྗེ་དང་ཡེ་ཤེས་ཀྱི་ནུས་པ་རྡོ་རྗེ་དང་རལ་གྲི་ལྟ་བུས་སངས་རྒྱས་འགྱུར་གྱི་རྒྱུད་ཀྱི་ཉོན་མོངས་པ་ཕྲ་རགས་རྣམས་སེལ་བར་བཞེད་དོ། ལུགས་འདི་ནི་རྗེ་བཙུན་བྱམས་པའི་མན་ངག་གི་ཉིང་ཁུ་ཉིད་ལས་བརྒྱུད་དགོས་ལ། གཞན་དུ་ཟབ་དོན་འདིའི་སྐལ་བ་མེད་དོ། དེ་བཞིན་གཤེགས་པའི་སྙིང་པོ་དེ་མངོན་དུ་བྱས་པའི་སངས་རྒྱས་རྣམས་ཀྱི་ཆོ་འཕྲུལ་ནི་དྲི་མ་མེད་ཕའི་ཡེ་ཤེས་ཀྱི་བདག་ཉིད་ཅན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ཡོད་མེད་གཉིས་ཀ་ལས་གཞན་དུའང་མིན་པར། དེ་བཞིན་གཤེགས་པ་ཉིད་ཀྱིས་ནི་རང་རིག་པར་རིག་ཅིང་ཞི་བའི་བདག་ཉིད་དུ་གནས་ལ། སོ་སོ་སྐྱེ་བོ་བདེ་གཤེགས་སྙིང་པོ་དང་ལྡན་པ་རྣམས་ཀྱིས་ནི། །བདེ་གཤེགས་སྙིང་པོ་དབྱིངས་ལ་གནས་པའི་ཆོས་རྣམས་ལ་ནི་སོ་སོ་སྐྱེ་བོའི་ཤེས་པས་བརྟག་པར་མི་ནུས་ཤིང་ངེས་ཚིག་དང་བྲལ་བས་དོན་དམ་པའི་ཆོས་ཀྱི་གནས་ལུགས་རྗེས་སུ་མ་དཔོགས་པའོ། སོ་སོ་སྐྱེ་བོའི་ཤེས་པས་ཆོས་ལ་བརྟགས་པའི་ཚེ་མེད་མེད་ཡོད་མིན་མ་ཡིན། ཡོད་མེད་ལས་གཞན་དུའང་མ་རྙེད་པ་དེ་ནི་ཆོས་ཀྱི་གནས་ལུགས་ཡང་དག་པར་རྗེས་སུ་མཐོང་བ་མིན་ཏེ། ཅིའི་ཕྱིར་ཞེ་ན། སོ་སྐྱེས་གཞལ་བྱེད་ཀྱི་ཤེས་པ་ཚད་མ་མིན་པ་དེས་ཆོས་ཀྱི་གནས་ལུགས་ཚད་མ་ཡང་དག་པ་དེ་རྗེས་སུ་མཐོང་བ་མིན་ཞེས་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་གསུངས་ལ། ཟླ་གྲགས་དང་སེང་བཟང་ལ་སོགས་པས་ནི་སོ་སྐྱེའི་ཤེས་པས་ཆོས་ཀྱི་ཁམས་ལ་ཡོད་མེད་སྐྱེ་འགོག་རིགས་པས་བརྟགས་པས་མ་རྙེད་པ་དེ་ནི་དོན་དམ་པའི་གནས་ལུགས་ཡིན་པར་འདོད་དོ། འདིར་འཕགས་པ་ཐོགས་མེད་སྐུ་མཆེད་ནི་འདི་ལྟར་བཞེད་དོ། སྒྲ་བརྗོད་ངག་དང་ངེས་ཚིག་ཐ་སྙད་བརྡའ་རྣམས་ཀྱི་སྒོ་ནས་དབོགས་པར་གྱུར་པའི་གནས་ལུགས་གང་ཡིན་པ་དེ་ནི་དོན་དམ་པའི་ཆ་མ་ཡིན་ཞིང་རྟོག་གེའི་བློ་ཡི་ནུས་པས་ཇི་ལྟར་འབད་ཅིང་། མེད་པ་དང་ཡོད་པ་དང། ཡོད་མེད་གཉིས་ཀ་མ་ཡིན་པར་དཔྱོད་ཀྱང་ཉི་ཚེ་བ་སྟེ། །       རྣལ་འབྱོར་གྱི་སྟོབས་ཀྱིས་བསམ་མེད་རྟོག་བརྗོད་མེད་པར་ལས་དང་ཉོན་མོངས་པ་ཀུན་འབྱུང་བ་ཚུལ་བཞིན་མ་ཡིན་པའི་རྟོག་པའི་ཚོགས་འགོག་སྟེ། དེ་འགོག་པ་ལས་དེ་ཚེ་རང་བྱུང་གི་ཡེ་ཤེས་ཀྱི་ཆོས་དང་ཆོས་ཉིད་ཀྱི་གནས་སྣང་སོ་སོར་རིག་པའི་ཤེས་རབ་ཆགས་ཐོགས་མེད་མེད་པར་སྐྱེའོ། ཤེས་རབ་ཆགས་ཐོགས་མེད་པར་སྐྱེ་བ་་དེ་ནི་དེ་བཞིན་གཤེགས་པ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཚུལ་བཞིན་གྱི་ཡིད་ལ་བྱེད་པ་རྣལ་འབྱོར་གྱི་མཐུ་ལས་སྐྱེས་པ་དེ་ནི་མ་རིག་པས་ཀུན་ནས་སློང་བར་མི་བྱེད་ཅིང། དེའི་བའི་གནད་ཀྱིས་ཀུན་གཞིའི་སེམས་དང། ཉོན་མོངས་པའི་ཡིད་དང། ཡུལ་ལ་རྣམ་པར་རྟོག་པའི་ཤེས་པ་དང་འབྲེལ་བ་མེད་པའི་ཕྱིར་རོ། ཚུལ་བཞིན་གྱི་ཡིད་ལ་བྱེད་པ་གང་ཡིན་པ་ནི་སྐྱེ་བ་མེད་ཅིང་འགགས་པ་མེད་པ་སྟེ། དོན་ཟབ་མོ་འདི་ནི་སོ་སོ་སྐྱེ་བོའི་ཡུལ་མིན་ནོ། ད་ལྟ་ཁ་བ་ཅན་པའི་ཕྱག་རྒྱ་ཆེན་པོ་བ་འགའ་ནི། སོ་སོ་སྐྱེ་བོ་ལའང་དོན་ཟབ་མོ་འདི་འཆར་བར་འདོད་དོ། དེས་ན་བློ་བུར་གྱི་ཁམས་འདི་ནི་ཐོག་མ་ནས་མ་སྐྱེས་མ་བྱུང་། ཟད་པ་ཉིད་མེད་པས། བློ་བུར་གྱི་ཁམས་ཀྱང་འགགས་པ་དང། ཟད་པ་དང། འགོག་པ་ཉིད་དང་བྲལ་བའི་ཕྱིར་རོ། ལུགས་འདི་ལ་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་རང་རྒྱུད་བློ་བུར་གྱི་དྲི་མའི་ཆ་ལ་བལྟས་པས་བློ་བུར་གྱི་དྲི་མས་བསྡུས་པའི་ཆོས་དང་ཆོས་ཅན་འགའ་ཡང་མཐོང་བ་མེད་པ་དེའི་ཚེ། དྲི་མ་ཐམས་ཅད་དང་བྲལ་ནས་ཡང་དག་པའི་དོན་མངོན་པ་བྱས་པར་བཞེད་ལ། ཟླ་གྲགས་ལ་སོགས་པས་ནི། དོན་དམ་ཆོས་ཉིད་ཀྱིས་ཆོས་ཉིད་མ་མཐོང་བ་ལ་དོན་དམ་པའི་བདེན་པ་མཐོང་ཞེས་ངོས་འཛིན་ཀྱང་དེ་ནི་དོན་དམ་པར་སྨོས་ཅི་དགོས་། ཀུན་རྫོབ་ཚིག་ལའང་འགལ་བ་དུ་མ་རང་ལུགས་ལ་ཁས་ལེན་དགོས་པར་འགྱུར་བས། དེའི་སྐྱོན་སེལ་དུ་ངེད་དབུ་མ་པས་ཁས་ལེན་ཅི་ཡང་མེད་ཅེས་སྨྲ་བར་བྱེད་དེ། ལུགས་འདིར་ནི་དོན་དམ་པ་ནི་དེ་བཞིན་གཤེགས་པས་གཟིགས་པའི་ཡུལ་ཡིན་ཏེ། ཡོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གྱུར། དོན་དམ་པའི་བདེན་པ་ལ་སྒྲིབ་བྱེད་ཀྱི་དྲི་མས་ངོ་བོ་ལ་མ་གོས་པས་བསལ་བར་བྱ་བ་མེད་པ་དང། དེ་ཉིད་ལ་གཞན་པའི་ཡེ་ཤེས་བཞག་ཏུ་མེད་པའི་མཉམ་ཉིད་ཡེ་ཤེས་མངོན་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པའི་གཟིགས་པ་རྣམ་པར་དག་པ་སྟེ། བློ་བུར་གྱི་དྲི་མ་གཏན་བྲལ་དུ་སོང་པའི་རྗེས་སུ་དེ་ཁོ་ན་ཉིད་མེད་པར་འཛིན་པའི་གཉེན་པོ་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་ལས་མཐོང་བ་དང་སྒོམ་པའི་ལམ་དུ་ཆོས་ཀྱི་སྐུའི་གོ་འཕང་འགྲུབ་བྱེད་ཀྱི་རྒྱུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབར་ནས་སྒྲུབ་དགོས་པར་རྗེས་སུ་གདམས་ལ། དེ་ཡང་ཆོས་ཀྱི་སྐུའི་རྒྱུ་བསྒྲུབ་དགོས་ཞེས་སྔར་མེད་ཀྱི་རྒྱུ་གསལ་བར་བྱེད་དགོས་པར་བཤད་པ་མ་ཡིན་ལ་ སྔར་ཡོད་ཀྱི་རྒྱུ་ཕྱིས་མངོན་གསལ་དུ་འཆར་བའི་ཐབས་ལ་བརྩོན་པའི་དོན་ནོ། འདི་ལ་དབུ་མ་པར་རློམ་པ་འགའ་ཞིག་རྒྱུ་དུས་སུ་འབྲས་བུ་ཡོད་མེད་ཀྱི་རྟོག་གེའི་རིགས་པས་སྤྲོས་ཚོགས་བྲལ་བར་འདོད་པ་མང་ཡང། ངེས་པའི་དོན་འདིར་ནི། ཡང་དག་པའི་བདེ་གཤེགས་སྙིང་པོ་ལ་ནི་གནས་སྐབས་གང་དུའང་རྒྱུ་དང་འབྲས་བུ་གཉིས་སུ་མེད་ལ། ཆུ་ཁམས་གསེར་དང་ནམ་མཁའ་ལྟར་རྒྱུ་ཉིད་དང་འབྲས་བུ་དབྱེར་མེད་དུས་ཐམས་ཅད་དུ་གནས་པར་བཞེད་དོ། དེས་ན་སོ་སོ་སྐྱེ་བོའི་སེམས་རང་བཞིན་གྱི་འོད་གསལ་བར་གྱུར་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་རེག་པར་འགྱུར་ཏེ། སེམས་རང་བཞིན་གྱི་འོད་གསལ་བའི་དོན་ནི་སེམས་རང་བཞིན་གྱི་དབྱིངས་ལ་ཡལ་བ་ཡིན་ཏེ། ཀུན་རྫོབ་ཀྱི་ཆོས་རང་ངོས་སྟོང་པ་དང་འོད་གསལ་བ་ནི་དེ་བཞིན་གཤེགས་སྙིང་དང་དབྱེར་མེད་པ་སྟེ། དབྱེར་མེད་དེའི་ངོ་བོ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ། འདི་མེད་ན་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གང་ཡང་མི་སྲིད་པར་འགྱུར་རོ། སེམས་ཡིད་རྣམ་ཤེས་ལས་ཉོན་མོངས་སྡུག་བསྔལ་རྣམས་ནི་བློ་བུར་བ་སྟེ། རྒྱུ་དང་རྐྱེན་ལས་གྲུབ་པ་མེད་པའི་ཕྱིར་ཉོན་མོངས་པ་རྣམས་ལ་ངོ་བོ་མེད་པ་སྟེ། བློ་བུར་ཉོན་མོངས་པ་བསྐྱེད་བྱེད་ཀྱི་རྒྱུ་ཡོད་ངོ་བོ་ཡོད་པར་འགྱུར་ལ། བསྐྱེད་བྱེད་ཀྱི་རྒྱུ་མེད་དེ། བློ་བུར་བ་ཉིད་ལ་རྒྱུ་མེད་པས་ངོ་བོ་ཡོད་པར་མི་རུང་ངོ། དྲི་མ་བློ་བུར་བ་ལ་ངོ་བོ་མེད་པ་དེ་བཞིན་དུ་དབུ་མ་པར་རློམ་པ་གཞན་དག་དོན་དམ་པའི་བདེན་པ་ལ་ངོ་བོ་མེད་པར་འདོད་པ་ནི་ངེས་པའི་དོན་མཐར་ཐུག་ཏུ་འདོད་སྣང་ཀྱང། དབུ་མ་པ་ཆེན་པོ་ཐོགས་མེད་སྐུ་མཆེད་ནི་དོན་དམ་པར་ངེས་པའི་དོན་ལ་མེད་པར་སྨྲ་བའི་ཕྱིར་དེ་ལས་ཆད་པའི་མཐའ་ཅི་ཞིག་ཡོད་ཅེས་གསུང་ངོ་། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཇི་ལྟར་བ་བཞིན་འགྲོ་བ་ཐམས་ཅད་ལ་ཡོད་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་བདག་མེད་པའི་བདག་གི་མིང་དུ་རྟོགས་ཤིང་། དེ་ཡང་ཐོག་མར་བདག་རྣམ་པ་གཉིས་ལ༑ ཕྱིས་ནས་འཇིགས་པ་མ་ཡིན་ཏེ། ཡེ་འདོད་མ་ནས་ཞི་བའི་རང་བཞིན་ཡོངས་སུ་དག་པའི་ཕྱིར་རོ། དེས་ན་རང་བཞིན་གྱིས་འོད་གསལ་བ་དང་བློ་བུར་ཉོན་མོངས་པ་གཉིས་ནི་ཟག་པ་མེད་པའི་དབྱིངས་ལ་ལྷན་དུ་འཁོདརྩད་ཞིང། བློ་བུར་བའི་ཉོན་མོངས་པ་ནི་རང་བཞིན་འོད་གསལ་དང་རེག་ཏུ་མི་རུང་ལ། རང་བཞིན་འོད་གསལ་ཉོན་མོངས་པ་དང་རེག་ཏུ་མི་རུང་ཞིང། རང་བཞིན་འོད་གསལ་བ་ཉིད་ལ་ནི་གསལ་བྱེད་གཞན་མི་དགོས་ལ། ཉོན་མོངས་པའི་ཤེས་པ་ཉིད་ནི། ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་པར་འགྱུར་ལ། རང་བཞིན་འོད་གསལ་བས་ནི་ཉོན་མོངས་པ་ལ་རྟོག་ཅིང་འཛིན་པར་མི་བྱེད་དོ། དེས་ན་ལུགས་འདིར་ནི་ཇི་ལྟ་བ་རྟོགས་པ་ནི་འཕགས་པ་རྣམས་རང་རྒྱུད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་རྟོགས་པ་ལ་བྱ་ལ། ཇི་སྙེད་པ་ནི་འགྲོ་བ་གཞན་བདེ་གཤེགས་སྙིང་པོ་རྒྱུད་ལྡན་དུ་རྟོགས་པ་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་ཞིང། ཀུན་རྫོབ་ཀྱི་འཁྲུལ་པ་མཁྱེན་པ་ལ་ནི་མ་ཡིན་ཏེ། ཀུན་རྫོབ་ཀྱི་འཁྲུལ་པ་ནི་ཤེས་བྱ་ལ་རྣམ་པ་ཐམས་ཅད་དུ་མེད་པས། འཕགས་པ་རྣམས་ཀྱིས་དེ་ནི་མཁྱེན་གཟིགས་ཀྱི་ཡུལ་དུ་མི་འོས་ཏེ། ཡུལ་མེད་པའི་ཕྱིར། འདི་ལ་གཞན་དག་གིས། འོ་ན་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཀུན་རྫོབ་ཐམས་ཅད་མ་ཡིན་པས་སོ་ཞེ་ན། མཁྱེན་ཡུལ་གྱི་གཞལ་བྱ་མེད་ན་མཁྱེན་པ་ཉིད་ག་ལ་རུང་སྟེ། ཡུལ་མེད་ལ་འཛིན་པ་ནི་རྟོག་པ་ལོག་ཤེས་ཏེ། ཐམས་ཅད་མཁྱེན་པ་ལ་དེ་ལྟ་བུའི་རྟོགས་པ་མི་མངའ་བར་བཞེད་དོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་ཐོགས་པ་མེད་ལ་།དེར་ཞེན་པ་དང་མཚན་མ་མེད་པས་ན་ཆགས་པ་མེད་པའོ། དེས་ན་ལུགས་འདི་ལ་ནི་མཐར་ཐུག་ཀྱི་སྐྱབས་དོན་དམ་པར་ཡོད་ཅིང། དེ་མེད་ན་ནི་ལམ་གྱི་རྟེན་དང་ལམ་གི་ངོ་བོ་དང། ལམགྱི་འབྲས་བུ་ཡང་མེད་པར་འགྱུར་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དགོས་པ་མེད་ཅིང་ངེས་པའི་དོན་ཐུན་མོངས་མིན་པའི་བཀའ་རྣམས་ཀྱང་དྲང་དོན་བསླུ་བ་ཅན་གྱི་དམ་པའི་ཆོས་ཀྱི་འཁོར་ལོར་འགྱུར་བའི་མཐར་ཐུག་གི་དྲི་མེད་དེ་བཞིན་གཤེགས་པ་ཡང་ཡོད་དེ། ལམ་གྱི་རྟེན་ཡང་ཞིབ་ཏུ་དབྱེ་ན་དྲི་བཅས་དེ་བཞིན་གཤེགས་སྙིང་ཡིན་ལ། དེ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་དང་དབྱེར་མེད་པའི་རིགས་སྟེ། དོན་འདི་ནི་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་བཤད་ལ། དེ་སྒྲུབ་པའི་རྟེན་ནི་ཐེག་པ་གསུམ་གྱིས་ཞུགས་པའི་གང་ཟག་རྣམས་ཏེ། ཉན་རང་གི་ཚུལ་ལ་ཞུགས་པ་ནི་དེ་བཞིན་གཤེགས་པའི་རིགས་འདི་ལས་ཆེར་རིང་བ་ཉིད་དོ། ལམ་གྱི་ངོ་བོ་ཡང་དེ་བཞིན་གཤེགས་པའི་རིགས་འདི་སྟེ། འདི་མེད་ན་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཀྱང་དགེ་བའི་རྩ་བརྣམ་པར་འཕེལ་བའི་གནས་དང་འབྱུང་བའི་གཞི་མེད་པའི་ཕྱིར་རྫོགས་པའི་བྱང་ཆུབ་ལ་རེག་པར་མི་འགྱུར་རོ། དེས་ན་རྟག་པ་དང་བརྟན་པ་གཡུང་དྲུང་གི་སྐྱབས་ནི་མཐར་ཐུག་ཆོས་སྐུ་ཉིད་ལ་དཀོན་མཆོག་འདིའི་རིགས་ནི་ངེས་པར་ཡོད་པ་ཡིན་ལ། དེས་ན་ནང་དོན་ཆོས་ཀྱི་སྐུ་རྟོགས་པ་རྣམས་ཀྱིས་ནི་ཆོས་སྐུ་དང་དབྱེ་བ་མེད་པའི་ཆོས་རྣམས་ནི་རང་གཞན་གྱི་རྒྱུད་ལ་བསྡད་པ་དང། ཆོས་ཀྱི་སྐུ་དེ་དང་འགལ་བར་གྱུར་པ་རྣམས་ནི་རང་གཞན་གྱི་རྒྱུད་ལ་སྡོམས་པར་མཛད་པ་དེ། དེའི་བླང་བྱ་དེ་དེ་བཞིན་གཤེགས་སྙིང་དང། དོར་བྱ་བློ་བུར་གྱི་དྲི་མ་ཀུན་བཏགས་གཞན་དབང་རྣམས་ཏེ། འདི་དག་གི་བྱེ་བྲག་རང་གི་མཁྱེན་ཏེ་གཞན་ལ་སྨད་པར་མཛད་པ་ནི་ཀུན་མཁྱེན་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་ལོ། དེས་ན་འཕགས་པ་ཐོགས་མེད་སྐུ་མཆེད་ནི་བློ་བུར་དྲི་མའི་སྦུབས་སུ་ཡོད་པའི་བདེ་བར་གཤེགས་པ་ལ་བདེ་གཤེགས་སྙིང་པོ་དང། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བརྗོད་ལ།དེ་འབྲལ་རུང་གི་ཆ་ལ་རྒྱས་འགྱུར་གྱི་རིགས་དང་གནས་ཡོངས་སུ་འགྱུར་བཞིན་པའི་ཆོས་སྐུ་ཞེས་བརྗོད་ཅིང། བློ་བུར་གྱི་དྲི་མ་དང་བྲལ་བ་དེ་ལ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་ཤེས་བརྗོད་ལ། གནས་སྐབས་གསུམ་ཀར་མིང་གཅིག་ཏུ་སྡོམས་པའི་བདེ་གཤེགས་སྙིང་པོ་ནི་བདེན་འཛིན་དང། བདེན་མེད་དུ་འཛིན་པ་དང། སྤྲོས་བྲལ་དུ་འཛིན་པ་ཐམས་ཅད་དག་ནས་བདེ་གཤེགས་སྙིང་པོ་ཉིད་ཀྱང་དམིགས་པར་མི་འགྱུར་བས་དོན་དེ་རྟོགས་པར་དཀའ་འམ་ཞེ་ན་། དེ་ནི་མིན་ཏེ། བདེ་གཤེགས་སྙིང་པོ་ནི་གང་གིས་ཀྱང་གཞོམ་པར་མི་ནུས་པའི་རང་བཞིན་ལ་གཡོ་བ་མེད་པར་ངེས་པ་སྟེ། བདེ་གཤེགས་སྙིང་པོ་ནི་ཉེ་བར་ཉོན་མོངས་པའི་ཁམས་ལ་ཡོངས་སུ་རྟོག་པར་མི་བྱེད་པའི་ཕྱིར་། ལན་གཅིག་སྒྲིབ་པ་དང་བྲལ་བའི་རྗེས་ལ་རང་བཞིན་གྱི་འབྲེལ་པ་ལྟ་ག་ལ་ཞིག །ལྟོས་པའི་འབྲེལ་པའང་མེད་པས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། དེས་ན་དེ་བཞིན་གཤེགས་སྙིང་དོན་དམ་པའི་བདེན་པ་དེ་ལ་འཕགས་པའི་ཤེས་རབ་ཀྱི་སྟོབས་བསྐྱེད་ནས་འདུ་ཤེས་ཀྱི་མདུད་པ་བསལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པའི་ཚེ་ན། དེས་ལམ་བརྟན་ནས་སོ་སོ་སྐྱེ་བོ་འདུ་ཤེས་ཀྱི་འཆིང་བ་མཐའ་དག་ལས་བཟློག་པར་བྱེད་དོ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ནི་བློ་བུར་གྱི་དྲི་མ་ལས་འདས་ཀྱང། བློ་བུར་གྱི་དྲི་མ་རྒྱུད་ལྡན་གྱི་སེམས་ཅན་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་ཟབ་མོ་སྟོན་ལ། གདུལ་བྱ་དེ་དང་དེ་ཡིས་ཀྱང་དེའི་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་མཐོང་བ་ནི། དེ་བཞིན་གཤེགས་པ་དོན་དམ་བདེན་པ་དབང་བཙན་པ་ལ་དབང་འབྱོར་བས་ཀུན་རྫོབ་བློ་བུར་བ་བྱིན་གྱིས་རློབས་པ་དང། སྤྲུལ་ཞིང་བསྒྱུར་བའི་ཐུགས་རྗེ་དང་གདུལ་བྱ་དེ་བཞིན་གཤེགས་སྙིང་རྒྱུད་ལྡན་དེའི་དེ་བཞིན་གཤེགས་སྙིང་གཉིས་པའི་མཐུ་སྟོབས་ལས། བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་རྡོ་རྗེའི་གནས་མི་ཤིགས་པ་རྣམས་སོ་སོ་སྐྱེ་བོས་ཀྱང་རྟོགས་པར་ནུས་སོ། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་དང་རང་གི་ངོ་བོ་རང་གི་མཚན་ཉིད་ཀྱི་དྲི་མས་དག་པ་ནི་བློ་བུར་དྲི་བྲལ་གྱི་དེ་བཞིན་གཤེགས་སྙིང་དང་། ཆོས་དབྱིངས་དང་ཟབ་རྒྱས་མཉམ་པའི་སྤྱིའི་ངོ་བོ་མཚན་ཉིད་ནི་རང་བཞིན་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བརྗོད་དོ། མདོར་ན་སོ་སོ་སྐྱེ་བོ་ནི་ཀུན་རྫོབ་པའི་ཉེར་ལེན་གྱི་ལུས་སེམས་ལ་རྟག་བདེ་བདག་གཙང་དུ་ཞེན་པའི་སྒྲོག་གིས་བཅིངས་ཤིང། ཉན་རང་དགྲ་བཅོམ་པ་རྣམས་ནི་དོན་དམ་པའི་གནས་ལ་མི་རྟགས་སྡུག་བསྔལ་བདག་མེད་པ་དང་མངོན་པར་ཞེན་པའི་སྲེད་པ་ལ་མི་གཙང་བར་འཛིན་པའི་སྒྲོག་གིས་བཅིངས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ཀྱི་གནས་ཚུལ་དང་སྣང་ཚུལ་མ་ལུས་པ་མཁྱེན་པས་གནས་ལུགས་དོན་དམ་པའི་བདེན་པའི་བདེན་པ་གཙང་རྟག་བདེ་བདག་དམ་པའི་ཕ་རོལ་དུ་ཕྱིན་པ་མངོན་དུ་རྟོགས་ལ། སྣང་ཚུལ་ཀུན་རྫོབ་པའི་སེམས་ཅན་གྱི་ཁམས་བློ་བུར་བ་ནི་མིརྟག་པ་དང། སྡུག་བསྔལ་བ་དང། བདག་མེད་པ་དང། མི་གཙང་བར་མངོན་དུ་རྟོགས་སྟེ། ཚུལ་འདི་གཉིས་ཀྱིས་ནི་རྟག་དང་ཆད་པའི་མཐའ་སེལ་ལོ། དེ་ཡང་ཀུན་རྫོབ་པའི་དེ་བཞིན་གཤེགས་པ་ནི་ཡེ་གདོད་མ་ནས་མེད་ལ། དོན་དམ་བདེན་པ་ནི་ཀུན་རྫོབ་ཀྱི་མཐའ་དང་བརྒྱར་མ་ལྷུང་བའི་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཡོད་པས་སོ། དོན་འདི་དག་ཁོང་དུ་མ་ཆུད་པར་དབུ་མ་པར་རློམ་པ་གཞན་དག དོན་དམ་བདེ་གཤེགས་སྙིང་པོ་ལ་མཉམ་པར་བཞག་པ་ལས་ལངས་ཏེ། རྗེས་ཤེས་སྒྱུ་མ་ལྟ་བུའི་སྒོ་ནས་བསོད་ནམས་ཀྱི་ཚོགས་སྒྲུབ་པའི་སྐབས་སུ་ཀུན་རྫོབ་ཙམ་དུའང་ཡོད་མེད་གང་དུ་ཁས་མི་ལེན་པ་ནི་ངན་གཡོའི་ལྟ་བ་སྟེ། རྟོག་གེ་དང་འདྲེས་པའི་ལྟ་བ་ཡིན་ཞེས་དབུ་མ་བ་ཆེན་པོ་ཐོགས་མེད་ཞབས་ཀྱིས་བཞེད་དོ། གཞན་ཡང་དོན་དམ་པ་བདེ་གཤེགས་སྙིང་པོ་གཙང་རྟག་བདེ་བ་བདག་དམ་པའི་ཕ་རོལ་དུ་ཕྱིན་པའི་དོན་ནི་། ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་དོན་ཀྱང་། དེ་བཞིན་གཤེགས་སྙིང་གཙང་རྟག་བདེ་བ་བདག་གི་དམ་པ་ཁོ་ནར་ཞུགས་པའི་ཉི་ཚེ་བ་ཕྱོགས་རེ་བ་དེ་བཟློག་པའི་ཕྱིར་གཙང་རྟག་བདེ་བ་དང་བདག་དམ་པའི་ཕ་རོལ་དུ་སོན་པ་ཞེས་བྱ་བ་ཕྱོགས་རེ་བ་ཐམས་ཅད་ལས་འདས་པ་ཁྱབ་པའི་བདག་ཉིད་ཅན་ཞེས་བཞེད་དོ། མདོར་ན་གཙང་བའི་དོན་དམ་སྤྱི་དང། ཁྱད་པར་གྱི་རང་བཞིན་དང། དྲི་མ་མེད་པས། ཡོངས་སུ་དག་པ་དང། བདག་དང་བདག་མེད་པ་ལས་རྣམ་པར་གྲོལ་བས་བདག་དམ་པའི་དོན་དང་། ཇི་སྲིད་སོ་སོ་སྐྱེ་བོ་ནས་དེ་སྲིད་ས་བཅུ་རྒྱུན་མཐའི་བར་གྱི་ལུས་དང་སེམས་གཡོ་བར་གྱུར་པའི་ཆ་ཐམས་ཅད་དང་བྲལ་བ་བདེན་པའི་དོན་དང། འཇིག་རྟེན་མི་རྟག་མངོན་པར་བསླུ་བ་ལ་མི་ཞེན་ཅིང་མ་ངན་ལས་འདས་པ་རྟག་པ་ལ་ཅིག་ཏུ་མི་རྟོག་པ་ནི་རྟག་པའི་དོན་ཏེ། འདི་དོན་ཁོང་དུ་མ་ཆུད་པའི་དབུ་མ་པར་རློམས་པ་རྣམས་ནི། སྟོང་པ་ཉིད་གང་ཡིན་པ་ནི་ད་ལྟའི་སོ་སོ་སྐྱེ་བོའི་བློ་ཡུལ་ལས་འདས་པ་ཞེས་ཟེར་མོད། དེ་ནི་ཚིག་ཙམ་དུ་སོང་བའི་དོན་དུ་ཡིད་སྤྱོད་ཀྱིས་དྲངས་པའི་མེད་ཆོས་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་དང་འགལ་བ་ཅིག་ཡིད་ཡུལ་དུ་བྱས་ཏེ། འདི་ནི་དབུ་མའི་ལྟ་བ་མཆོག་ཡིན་ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་སྲས་ཀྱི་ཐུ་བོ་རྣམ་ལ་ངེས་པའི་དོན་མདོ་ཤིན་ཏུ་རྒྱས་པ་དགོངས་པ་ཅན་དང། སྒྲ་ཇི་བཞིན་མ་ཡིན་པ་ངེས་པའི་དོན་དུ་གསུངས་པའི་གཙང་རྟག་བདེ་བ་པ་དག་དམ་པའི་ཕ་རོལ་དུ་གྱུར་པའི་ཆོས་ཀྱི་ཚུལ་ལ། སོ་སོ་སྐྱེ་བོའི་སློབ་དཔོན་རྒྱ་བོད་དུ་བྱུང་བ་རྣམས་ཀྱིས་དོན་དམ་པའི་དོན་གང་ཡིན་པ་རྣམས་དྲང་བའི་དོན་དུ་བཀྲལ་སྣང་མོད་ཀྱང། དེ་ནི་ལེགས་པ་མིན་ཏེ། གཙང་རྟག་བདེ་བ་པ་དག་དམ་པ་རྣམས་ཀྱི་དོན་འཕགས་པ་སྤྱན་རས་གཟིགས་ལ་སོགས་པ་བྱངཆུབ་སེམས་དཔའ་རིགས་གསུམ་མགོན་པོས་རྒྱུད་ཀྱི་དོན་བསྡུས་པའི་ཚེའང་དོན་འདིས་གསལ་བར་མཛད་ཅིང། འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་རྣམས་ཀྱིས་ཀྱང་དོན་འདི་ལན་གཅིག་མིན་པར་བཤད་པའི་ཕྱིར་རོ། དེས་ན་དབུ་མ་ཆེན་པོ་ཐོགས་མེད་ཞབས་ཀྱིས། ངེས་པའི་དོན་གྱི་དབང་དུ་འཁོར་འདས་དབྱེར་མེད་ཅེས་བྱ་བ་ནི། སོ་སོ་སྐྱེ་བོ་འཇུག་ཡུལ་ལ་ཤེས་བྱ་འཇུག་བྱེད་ལ་ཤེས་པ་ཞེས་བར་བསྟན་ཞིང། འཕགས་པ་རྣམས་ཀྱི་ཁྱད་པར་གྱི་འཇུག་ཡུལ་ནི་ཆོས་དབྱིངས་དང། འཇུག་བྱེད་ནི་ཆོས་ཉིད་དེ། དོན་འདི་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་གནད་ཅིག་ལ། སོ་སོ་སྐྱེ་བོའི་ཤེས་བྱ་དང་ཤེས་པ་ལ་ནི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་བྱེད་དུ་འགྱུར་ལ་། ཁྱབ་དུ་ཟིན་ཀྱང་དེ་དང་འབྲེལ་བ་གཏན་མེད་དོ། འོ་ན་སོ་སོ་སྐྱེ་བོའི་རྒྱུད་ལས་། རྒྱལ་ཚབ་བྱམས་པས། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་ཅེས་པའི་དོན་ཇི་ལྟ་བུ་ཞེ་ན། ཆོས་སྤྱི་ཙམ་ནི་ཤེས་པ་དང་ཤེས་བྱའི་དྲི་མ་བློ་བུར་པ་ལ་བཤད་ནས་ཆོས་ཉིད་ནི་བདེ་གཤེགས་སྙིང་པོ་ལ་བཤད་དོ། འོན་ཀྱང་ཆོས་ཀྱི་དབྱིངས་འདི་ནི་ཆོས་ཉིད་ཐམས་ཅད་ལ་རྣམ་པར་རྟོག་པ་དང་འདུ་བྱ་བ་མེད་པར་མི་གནས་པའི་ཚུལ་གྱིས་འཁོར་བ་དང་མྱ་ངན་འདས་པ་ཐམས་ཅད་ཀྱི་རང་བཞིན་དུ་ཞུགས་ནས་ཆོས་དབྱིངས་ཉིད་ཀྱིས་མི་སྟོང་པར་བཤད་པས།དོན་འདི་ཁོང་དུ་ཆུད་པ་ན་འཁོར་བ་ཉིད་མྱ་ངན་འདས་པའོ་ཞེས་བཞེད་དོ། །དེ་ལྟར་འཕགས་པ་རྣམས་ཀྱིས་སེམས་ཅན་རྣམས་ལ། ཉེ་བ་དང། རིང་བ་གང་ཡང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཁམས་དང་མཐུན་པར་ལྡན་པའི་བདག་སྲེད་བཅད་པས་ཉེ་བར་འགྱུར་བའི་འབྲེལ་ཐག་གཏན་མེད་ལ། རིང་བ་མི་འགྱུར་བས། སྙིང་རྗེ་ཆེན་པོས་ཡོངས་སུ་མི་གཏོང་པའི་ཕྱིར་ཉེ་རིང་གང་ལའང་མི་གནས་པས་འཕགས་པ་རྣམས་མྱ་ངན་ལས་འདས་པ་བླང་བར་བྱ་བ་དང། འཁོར་བ་ཉིད་དོར་བར་བྱ་བ་མེད་པའི་འཁོར་འདས་གཉིས་ཀར་མཚུངས་པར་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཅན་ཡིན་པས། འཁོར་འདས་དབྱེར་མེད་། འཁོར་འདས་མཉམ་ཉིད་ཡིན་ནོ་ཞེས་བཤད་ཟིན་ཏོ། དེ་ལྟར་བདེ་གཤེགས་སྙིང་པོ་དང་བློ་བུར་གྱི་དྲི་མ་གཉིས་ཐ་དད་པ་ཡིན་ན། བཅོམ་ལྡན་འདས་ཀྱིས། བདེ་གཤེགས་སྙིང་པོ་མ་མཆིས་ན། །སོ་སོ་སྐྱེ་བོ་དག་སྡུག་བསྔལ་ལ་སྐྱོ་བར་མི་འགྱུར་བ་དང། མྱ་ངན་ལས་འདས་པ་ལ་འདོད་པ་དོན་གཉེར་མེད་པར་འགྱུར་ཞེས་གསུངས་པས། བདེ་གཤེགས་སྙིང་པོ་ཉིད་བློ་བུར་གྱི་དྲི་མ་ལ་སྐྱོ་བར་གྱུར་པ་ཡིན་ནམ། བློ་བུར་གྱི་དྲི་མ་ཉིད། བློ་བུར་གྱི་དྲི་མ་རང་ཉིད་ལ་སྐྱོ་བར་གྱུར་པ་ཡིན་ནམ་ཞེ་ན། འདུས་མ་བྱས་དེ་བཞིན་གཤེགས་སྙིང་དང། ཆོས་དབྱིངས་རང་བཞིན་རྣམ་པར་དག་པའི་བདེན་པ་དང་བྱིན་རླབས་ཀྱིས་ཐོག་མེད་ཀྱི་ཚེ་ན་རྒྱུ་རྐྱེན་མེད་ཀྱང། མེད་བཞིན་པའི་འདུས་བྱས་བློ་བུར་གྱི་དྲི་མ་ཉིད་ཀྱིས་སྡུག་བསྔལ་སྐྱོ་བ་དང། མྱང་འདས་ལ་ཕྱོགས་པ་དང་སྨོན་པར་བྱེད་དོ། ཕྱིས་ནས་དེ་བཞིན་གཤེགས་སྙིང་ལས་ཡེ་ཤེས་ཀྱི་འདོད་བྱུང་སྟེ་བློ་བུར་གྱི་དྲི་མ་འཇོམས་པར་བྱེད་དོ། དེས་ན་རྒྱུ་རྐྱེན་མེད་པ་འདུས་བྱས་བློ་བུར་བ་དེ་ནི་ཕན་ཚུན་མི་རྟག་པར་འགྱུར་བ་དོན་གྱིས་སོ། འདི་ལ་དབུ་མ་པར་རློམ་པ་གཞན་དག་རྒྱུ་རྐྱེན་མེད་པའི་འདུས་བྱས་ཀུན་རྫོབ་དུའང་མི་འཐད་ཅེས་ཟེར། དེ་ལྟར་ན་དབུ་མ་པ་ཁྱེད་ཅག་མྱུ་གུ་སྐྱེས་པ་མངོན་པར་གསལ་བ་ལ་འདུས་བྱས་སུ་ཁས་བླངས་བཞིན་པར། དཔྱད་པ་ཞུགས་པའི་ཚེ་རྒྱུ་དངརྐྱེན་གང་ཡང་མེད་པར་ལྟོས་པ་ཙམ་ལ་གྲུབ་པར་འདོད་ན། འདིར་ནི་ཀུན་རྫོབ་པའི་ཆོས་ཐམས་ཅད་ལ་རྒྱུ་དང་རྐྱེན་མེད་ཀྱང་རྨི་ལམ་ལྟར་སྣང་བས་སོ། དེ་ལས་ཁྱེད་ཅག་རྨི་ལམ་གྱི་སྣང་བ་ནི་རྒྱུ་དང་རྐྱེན་ཡོད་པ་ཡིན་ཏེ། བག་ཆགས་ཉིད་ཀྱི་རང་རྣལ་ལོག་པའི་སྦྱོར་བ་རྐྱེན་དུ་འགྱུར་སྙམ་ན། བག་ཆགས་ཉིད་དེས་བཞག་པའི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྒྱུ་དང་རྐྱེན་མེད་པར་རང་བཞིན་གྱིས་མ་དག་པར་སྣང་བ་རྣམས་ལ་འཁྲུལ་པའི་འཁོར་ལོ་སྣ་ཚོགས་སྣང་བ་ཡིན་ཏེ། ཐག་པ་ལ་སྦྲུལ་གྱི་རྒྱུ་རྐྱེན་མ་ཚངས་བ་བཞིན་ནོ། ཞེས་འཕགས་པ་ཐོགས་མེད་ཀྱིས་བཞེད་དོ། བློ་བུར་གྱི་བློ་བུར་གྱི་དྲི་མ་ལ་རྒྱུ་རྐྱེན་མེད་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོ་དྲི་མ་དང་བྲལ་བའི་ཐབས་ལ་ནི། ཇི་སྲིད་སེམས་ཅན་གྱི་དུས་སུ་དྲི་མ་དེ་སྦྱང་བའི་རྒྱུ་རྐྱེན་ཡོད་དགོས་པ་ལ། རྒྱུ་རྐྱེན་མ་ཚང་བར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། དེའི་ཚུལ་ལ་རྟེན་འབྲེལ་ལེགས་ཚོགས་སྒྲིག་དགོས་སོ། དེ་ལ་གཞན་དག་སོ་སོ་སྐྱེ་བོའི་སྣང་བ་རྟག་ཐམས་ཅད་རྒྱུ་མེད་རྐྱེན་མེད་ཡིན་ན་དེའི་སྟེང་དུ་གནས་སྐབས་ཀྱི་རྒྱུ་རྐྱེན་གྱི་རྟེན་འབྲེལ་བསྒྲིགས་ཡང་དགོས་པ་མེད་དོ་སྙམ་ན། དེ་ནི་མིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་རྒྱུ་ཐམས་ཅད་དང། དཀར་པོའི་ཆོས་འཕེལ་བའི་རྐྱེན་ཐམས་ཅད་ཀྱི་བདག་ཉིད་དང་མཐུན་ནས་རྒྱུ་རྐྱེན་རྟེན་འབྲེལ་སྒྲིག་པ་གནས་སྐབས་གཞན་དུ་མི་འགྱུར་བས་སོ། གཞན་ཡང་གངས་ཅན་གྱི་ལྗོངས་འདིར། འཕགས་པ་ཐོགས་མེད་ལ་སྡང་བ་འགའ་ཞིག །སློབ་དཔོན་ཆེན་པོ་འདིས་ནི་རིགས་ཆད་ཀྱི་རིགས་ཡོད་པ་ཞལ་གྱིས་བཞེས་པ་ཡིན་ཞེས་པ་དང། མཐར་ཐུག་ཐེག་པ་གཅིག་ཏུ་མི་བཞེད་པ་ཡིན་ནོ་ཞེས་སྐལ་པ་ངན་པ་རྣམས་སྒྲོག་པར་བྱེད་དོ། གཞན་ཡང་མ་འོངས་པ་ན་དེ་བཞིན་གཤེགས་པ་མངོན་འགྱུར་གྱི་སྐབས་སུ་ཆོས་སྐུ་དང། ཡེ་ཤེས་དང་། ཐུགས་རྗེ་ཆེན་པོ་རྣམས་ཏེ། དེ་དག་ཀྱང་རེ་རེ་ནས་གསལ་བར་བྱེད་པ་གང་ཡིན་པའི་ཡང་དག་པའི་ལམ་གྱི་རྒྱུད་ལ་རྩོལ་བ་འདོན་དགོས་ཏེ། ཆོས་སྐུ་དང་། ཡེ་ཤེས། ཐུགས་རྗེ་རེ་རེ་ལའང། སྒྲིབ་བྱེད་རེ་རེས་ཀྱང་འཆིང་བས་གེགས་དེ་དག་བསལ་བར་བྱ་དགོས་པ་ཉིད་དོ། ལམ་གྱི་རྒྱུ་གསལ་བྱེད་དེ་ཡང་དེ་བཞིན་གཤེགས་སྙིང་དང་ཆོས་སྐུ་མཐུན་པ་སྟེ་མཐར་ཐུག་དབྱེ་བ་མེད་པར་འགྱུར་བ་ཡིན་ནོ། དེས་ན་དེ་བཞིན་གཤེགས་བས་མི་སློབ་པ་མངོན་དུ་བྱས་པ་དེའི་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་དང་དབྱེ་བ་མེད་དོ། གཞན་ཡང་རྫོགས་པའི་སངས་རྒྱས་ཉིད་ཀྱི་སྐུའི་ངོ་བོ་ནི་ཆོས་ཉིད་ཀྱི་སྐུ་སྟེ། དེ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་པའི་དོན་ནི། རྫོགས་པའི་སངས་རྒྱས་དང་དམ་པའི་ཆོས། རྒྱལ་བའི་ཡུལ་རྣམས་སེམས་ཅན་ཐམས་ཅད་ཀྱི་བལྟ་བར་དབང་བར་སྟོན་ནུས་པ་དང། ཤེས་བྱ་ཐམས་ཅད་ལ་གཉིས་སུ་མེད་པར་སྦྱར་ནས། ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་བ་ནི་ཆོས་སྐུའི་དོན་ཡིན་ནོ། དེ་ཡང་སྤངས་པས་ཁྱད་པར་དུ་བྱས་པའི་རྟེན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སྒྲིབ་བཅས་ཀྱི་རྟེན་ལ་སེམས་ཅན་ཞེས་བརྗོད་ལ། དེ་གཉིས་ཀའི་རྒྱུད་ལའང་དེ་བཞིན་གཤེགས་པ་ནི་བཟང་ངན་དང། འཔེལ་འགྲིབ་གང་ཡང་མེད་དོ། གཞན་ཡང་བཅོམ་ལྡན་འདས་ཀྱིས། ཤ་རིའི་བུ་དེའི་ཕྱིར་ན། སེམས་ཅན་ཁམས་ལས་ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུ། ཆོས་ཀྱིས་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ། ཡི་གེ་ཙམ་དུ་ཐ་དད་པ་ཡིན་ནོ། ཞེས་གསུངས། འདི་ལ་ལ་ལ་ཞིག །སེམས་ཅན་གྱི་གློ་བུར་གྱི་དྲི་མའི་ཁམས་དང། དེ་བཞིན་གཤེགས་སྙིང་གི་ཆོས་སྐུ་གཉིས་གཅིག་ཏུ་འཆད་པར་བྱེད་སྣང་ཡང། དེ་ནི་མིན་ཏེ། སེམས་ཅན་གྱི་ཁམས་ཞེས་པའི་ཁམས་དེ་ནི། སེམས་ཅན་གྱི་རྒྱུད་ཀྱི་ཁམས་དེ་དང་རིགས་དང་གཞི་དུས་ཀྱི་བདེ་གཤེགས་སྙིང་པོ་རྣམས་དོན་གཅིག་པར་བཤད་ནས། དེ་དང་འབྲས་དུས་ཀྱི་ཆོས་སྐུ་གཉིས་གཅིག་པར་བཤད་པ་ཡིན་ཏེ། དོན་འདི་ནི་ཡོན་ཏན་གྱི་བདག་ཉིད། བདེ་བར་གཤེགས་པ་ནི་ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན་ཏེ། འགྱུར་བ་མེད་པའི་ཆོས་ཉིད་དོ། ཞེས་རྗེ་བཙུན་བྱམས་པས་གསུངས་སོ། དེ་ལ་འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང་ལུགས་འདིར། སེམས་ཅན་གྱི་དག་པ་གང་ཡིན་པ་དང་ཚུལ་བཞིན་སེམས་གཉིས་དབྱེ་བ་མེད་པར་བཤད་པ་དང། ཆོས་ཉིད་ལ་མངོན་པར་ཕྱོགས་ཤིང་ཐ་མི་དད་པའི་སེམས་དང་། རང་བཞིན་གྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཆོས་གང་ལའང་གནས་པ་མེད་པ་དང་ཐ་མི་དད་དུ་གསུངས་ཤིང། སེམས་ཀྱི་དག་བྱེད་ལ་ལྟོས་པའི་དབང་གིས། མ་དག་པའི་ཕུང་། །ཁམས་སྐྱེ་མཆེད། ལས་ཉོན་རྣམས་རིམ་གྱིས་གྲུབ་ལ། ཐོག་མ་ཉིད་ནས་གང་ཟག་རེ་རེ་བའི་རྒྱུད་ལའང་སྤང་གཉེན་འགལ་ཟླར་ཐོག་མ་ནས་གནས་པར་བཞེད་དོ། རང་བཞིན་བདེ་གཤེགས་སྙིང་པོ་ལ་རྒྱུ་མེད་རྐྱེན་མེད་དུ་བཤད་པ་ནི་ནམ་མཁའི་དཔེས་བསྟན་ཏེ། དེའི་དོན་ཀྱང་ཚོགས་པ་དང་འདུས་པ་དང་ཕུང་པོར་འགྲུབ་པ་མེད་ཅིང་དེས་ན་སྐྱེ་འགགས་འཛིན་པ་གང་ཡང་མེད་པའི་ཕྱིར་བཤད་ལ། རང་གི་ངོ་བོ་ནི་རྒྱུ་ཡོད་དེ། ནམ་མཁའི་གོ་འབྱེད་ཀྱི་རྟེན་དུ་ཡོད་པ་བཞིན། དེ་བཞིན་གཤེགསཔའི་སྙིང་པོ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་ཉིད་དུ་ཡོད་པས་ཡོད་ན་རྒྱུ་དང་ཐ་མི་དད་དུ་གྲུབ་པར་བཞེད་དོ། གཞན་ཡང་སོ་སོ་སྐྱེ་བོ་རྣམས་ནི་བདེ་གཤེགས་སྙིང་པོ་སྔར་མ་མཐོང་བ་མཐོང་བར་བྱེད་པའི་ཐབས་ལ་འབད་པ་དང་། སྔར་མཐོང་བའི་ཆ་ལ་མཉམ་པར་བཞག་པར་གཉིས་ཀ་འཕྲུགས་པར་མ་འགྱུར་ལ། ཇི་སྲིད་པ་ལྔ་པ་ཐོབ་པ་ན་དེ་གཉིས་ཀ་བློ་སྟོབས་ཀྱིས་ཆུན་པར་འགྱུར་བས། དོན་དེས་ན་དེ་སྐབས་ཡན་མཆོད་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པདང་རྣམ་པར་བྱང་བ་གཉིས་ཀ་ལ། ཏིང་ངེ་འཛིནདང་ཤེས་རབ་ཀྱི་རྩལ་སྒོ་དུ་མ་བསམ་གྱིས་མི་ཁྱབ་པ་གཅིག་ཆར་དུ་ལྡང་བ་དང་། འཇུག་པ་ལ་མི་འགལ་བ་ལ་དབང་འབྱོར་རོ་ཞེས་བྱ་བ་འདི་ནི་ཞར་ལས་འོངས་པའོ། གཞན་ཡང་སེམས་ཅན་ཐམས་ཅདཀྱིས་གཤིས་ལ་བཞུགས་པ་ནི་ཡེ་ནས་མྱ་ངན་ལས་འདས་པ་སྟེ། དེ་ནི་ཕྱི་ནས་མྱ་ངན་ལས་འདས་དགོས་པ་མིན་ནོ། འོ་ན་སེམས་ཅན་རྣམསམྱ་ངན་ལས་འདས་པ་ཞེས་བྱ་བ་ནི། སེམས་ཅན་གྱི་བློ་དང་སེམས་གང་ཡིན་པ་ནི་ཡེ་གདོད་མའི་མྱ་ངན་ལས་འདས་པ་དེར་རང་བཞིན་གྱི་ས་མི་གནས་པར་འདས་པ་ལ་བཞེད་དོ། དེ་ཡང་སོ་སོ་སྐྱེ་བོའི་ལུས་དང་སེམས་ཡོངས་སུ་མྱ་ངན་ལས་འདས་པ་ནི་སྤྲུལ་པའི་སྐུ་སྟེ། དེའི་མ་དག་པ་གནས་གྱུར་པས་སོ་སོ་སྐྱེ་བོ་མཆོག་དམན་ཀུན་ལ་འཆར་བའི་སྐུ་དང་དོན་དམ་བདེན་པ་ངོ་བོ་ཉིད་སྐུ་དང། དེ་བཞིན་གཤེགས་པ་ནང་ཕན་ཚུན་དུ་རོ་གཅིག་ཏུ་འདྲེས་པ་རྒྱལ་བ་གཅིག་གི་སྐུ་ཡིན་ན་ཐམས་ཅད་ཀྱི་སྐུ་ཡིན་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་དང། དེ་འཁོར་འདས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་པའི་སྙིང་པོ་ཡིན་པའི་ཕྱིར་ཆོས་ཀྱི་སྐུར་བཞེད་དོ། ཐར་པ་གང་ཡིན་པ་ནི་རང་རྒྱུད་གྱི་བདེ་གཤེགས་སྙིང་པོ་ལ་རང་རིག་ཡེ་ཤེས་ཀྱི་དབང་བསྒྱུར་བ་ནི་ཐར་པ་ཡིན་ལ། བདག་འཛིན་། །བདག་མེད་དུ་འགྲོ་བ་ནི་ཐར་པ་མིན་ཏེ། མེད་པ་ཙམ་གྱིས་ཐར་པར་འགྱུར་བ་ནི་རི་བོང་རྭ་ལ་སོགས་པ་དེ་དང་འདྲ་བར་འགྱུར་རོ། དེ་ལྟར་ཐེག་པ་ཆེན་པོའི་ངེས་དོན་འཁོར་ལོ་ཐ་མ་ནས་གསུངས་པ་རྗེ་བཙུན་མ་ཕམ་པས་དཔེ་དགུ་དོན་དགུ་བསྡུས་པའི་དོན་ལ། སོ་སོ་སྐྱེ་བོ་འདོད་ཆེན་པ་སྔོན་དེ་བཞིན་གཤེགས་པ་རྣམས་དང་ཕྲད་པར་མ་བྱུང་ཞིང། དེའི་རྒྱུད་ཀྱི་ཐོབ་སྐལ་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉོན་མོངས་སྒྲིབ་པ་ཐམས་ཅད་ཀྱིས་དེའི་ཆ་ཤས་ཙམ་ཡང་མངོན་པར་མ་བྱས་པར་ཉོན་མོངས་པའི་སྦུབས་ལ་གནས་པ་ཡིན་གྱི། དགེ་བའི་རྩ་བ་ཅུང་ཟད་བསགས་ནས་བྱང་ཆུབ་ཏུ་སྨོན་པ་བསྐྱེད་པས་ན་ཕྱོགས་རེ་ཙམ་གྱི་ཆ་ལའང་སྒྲིབ་བྱེད་མེད་པས། དོན་འདི་སོ་སོ་སྐྱེ་བོའི་ཤེས་རྒྱུད་ཕྱོགས་རེ་ལ་དེ་བཞིན་གཤེགས་སྙིང་མངོན་པར་གསུངས་ལ། དོན་འདི་ལ་སློབ་དཔོན་འཕགས་པས་ཆོས་དབྱིངས་བསྟོད་པར། མར་མེད་བུམ་ནང་གི་དཔེས་རྒྱས་པར་གསུངས་པ་དང། ཟླ་བ་ཚེས་པའི་དཔེས་གསུངས་པ་དང། དུས་ཀྱི་འཁོར་ལོ་ལས་ལུས་ངག་ཡིད་གསུམ། རྩ་ཐིག་རླུང་གསུམ་ལ་ཡེ་ཤེས་ཀྱི་ཆ་ཤས་སོ་སོ་སྐྱེ་བོའི་རྒྱུད་ཕྱོགས་རེ་རགས་པ་ལ་འཆར་བར་འཆད་པས། ཟབ་མོའི་དོན་འདི་ནི་འཕགས་པ་ཐོགས་མེད་ནས་བརྒྱུད་པའི་གདམས་པ་མེད་པར་གཞན་དུ་མིན་ནོ། དེས་ན་ཉོན་མོངས་པའི་སྦུབས་དེ་གྲོལ་བར་བྱེད་པ་ནི་བདེ་གཤེགས་སྙིང་པོ་ལ་དོན་དུ་གཉེར་ནས་མོས་པར་བྱེད་པའི་བློ་ལ་རག་ལས་ཞིང། བློ་དེ་ནི་རང་བྱུང་དུ་སྐྱེ་ལ། དེ་སྐྱེ་བ་ནི་སྐལ་བ་མཆོག་གི་ཡུལ་ཏེ། ཚུལ་འདི་ནི་བདག་གི་རྟོགས་པ་བརྗོད་པ་ལས། བསྐལ་པར་འབད་ལོར་བྱས་ན་ཡང། གནད་ཀྱི་རང་གསལ་མ་རྟོགས་ན། མྱ་ངན་འདའ་བའི་དུས་མི་སྲིད། ཅེས་བྱ་བ་འདིས་ངེས་སོ།       དེས་ན་དོན་དམ་པར་རྣམ་པར་མི་རྟོག་པ་ཙམ་ལ་ངེས་པ་འདྲོངས་པ་འགའ་ཞིག །སྟོང་པ་ཉིད་ནི་བདེན་པ་མེད་པར་བཤད་པ། དེ་ནི་ཡང་དག་པ་མིན་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པའི་ཡེ་ཤེས་དབྱིངས་མངོན་པར་རྟོགས་པར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། ཀུན་རྫོབ་པའི་རྣམ་པ་ལ་མི་རྟོག་པ་ཙམ་དང་རྫས་གཞན་གྱི་བདེན་པས་སྟོང་པ་ཉིད་ཙམ་ནི་ཉན་རང་གིས་ཀྱང་མཐོང་ལ། ཉན་རང་ནི་རྣམ་པ་ཐམས་ཅད་དུ་བདེ་གཤེགས་སྙིང་པོའི་ཆ་ཙམ་ཀྱང་རྟོགས་པར་དཀའ་འོ། གཞན་དག་དོན་འདིའི་སྐྱོན་སྤོང་དུ། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འདོད་པ་དང། ཉན་རང་དང་ཐེག་པ་ཆེན་པོ་སྤྲོས་བྲལ་དབུ་མའི་ལྟ་བ་ལ་ཁྱད་པར་མེད་ཀྱང། སྤྲོས་བྲལ་དུ་འབེབས་བྱེད་ཀྱི་རིགས་པའི་རྒྱུས་བསྡུས་ལ་བརྟེན་ནས། སྤྲོས་བྲལ་ངོ་བོ་ལ་རྒྱ་ཆེ་ཆུང་མ་གཏོགས་ཟབ་མི་ཟམ་ལ་ཁྱད་པར་མེད་ཅེས་ཕྱོགས་རེ་ལ་རྩིས་སུ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་ལ་སྨོད་པ་རྒྱ་བོད་དུ་མང་དུ་བྱུང་ངོ་། བྱུང་བ་རྣམས་ཀྱི་དོན་རྟོགས་པར་དཀའ་བའི་རྒྱུ་མཚན་ནི། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཆོས་སྐུའི་སྙིང་པོ་ཉིད་ཡིན་པས་། དེས་ན་འཇིག་རྟེན་གྱི་སྙིང་པོ་ནི་འཇིག་རྟེན་ལས་འདས་པ་ཡིན་ཅིང་། འཇིག་རྟེན་ལས་འདས་པའི་སྙིང་པོ་ནི་ཆོས་ཀྱི་སྙིང་པོ་ཡིན་ལ། དེའི་སྙིང་པོ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ནོ། དེ་ལྟར་གཞན་གྱིས་རྟོགས་པར་དཀའ་ཞེས་འཕགས་པ་ཐོགས་མེད་སྐྱོབ་བཞེད་དོ། དེས་ན་འདི་ས་བཅུ་པའི་སེམས་དཔས་ཅུང་ཟད་མཐོང་སྟེ༑ མཐོང་བའི་ཚུལ་གང་ཞེ་ན། འཁོར་འདས་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་དང་ཐ་མི་དད་དུ་མཐོང་བའི་ཚུལ་གྱིས་སོ། འཁོར་འདས་ཐ་མི་དད་དུ་མཐོང་པ་འདི་ལ་ལུགས་འདིར་ནི་དེ་བཞིན་གཤེགས་སྙིང་ཐ་མི་དད་དུ་འདོད་ཀྱི། གཞན་དག་ནི་སྟོང་ཉིད་ཀྱི་ཆ་ཙམ་ནས་ཐ་མི་དད་དུ་མཐོང་བ་ལ་བཞག་ཀྱང། སྟོང་ཉིད་ཐ་མི་དད་ཙམ་དུ་མཐོང་བས་ནི་མ་རིག་བའི་བག་ཆགས་དྲུངས་འབྱིན་པར་མི་ནུས་བར་བཞེད་དོ། ཅི་སྟེ་ཞེས། ཉན་རང་རྣམས་ཀྱང་རང་གི་བདག་མེད་པ་སྟོང་པ་ཡིན་པ་བཞིན་དུ་འགྲོ་བ་གཞན་དག་གི་བདག་ཀྱང་སྟོང་པ་ཉིད་དུ་མཐོང་བ་ཡོད་པའི་ཕྱིར་རོ། དོན་འདིས་ན་ས་ཐོབ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡུལ་མིན་ན། སོ་སོ་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་གཏན་མ་ཡིན་ནོ་ཞེ་ན། དེ་ནི་སྐྱོན་མེད་དེ། རིགས་པ་སད་པའི་ཕྱིར་དང། སོ་སོ་སྐྱེ་བོའི་ཉེས་པ་ལྔ་སྤངས་པའི་ཕྱིར་གསུངས་པ་ཡིན་ཅིང། གཙོ་བོར་ཀུན་རྫོབ་པའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་སྤྲིན་བཞིན་དུ་སྟོང་པར་བཤད་པའི་རྗེས་ལ་ལྷག་མ་བླ་ན་མེད་པའི་ཆོས་ཀྱི་སྙིང་བོས་མི་སྟོང་བའི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་གསུངས་སོ། འདི་ལ་གངས་ཅན་གྱི་མཁས་པ་འགའ། རྒྱུད་བླ་མར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ལ་ཡོད་ཅེས་གསུངས་པ་དེ་དྲང་བའི་དོན་ཡིན་ལ། ཅིའི་ཕྱིར་དགོས་པ་སྐྱོན་ལྔ་སྤངས་ཕྱིར་གསུང་པར་འདོད་ལ། དེ་ལྟར་ན་སྐྱོན་ལྔ་སྤང་མི་དགོས་པར་འགྱུར་ཞིང། སེམས་ཅན་དམན་པ་ལ་བརྙས་པ་ན་ཡང་སྐྱོན་མེད་དེ། སེམས་ཅན་ལ་དེ་བཞིན་གཤེགས་སྙིང་མེད་པ་དང། ཡང་དག་པར་བདེ་གཤེགས་སྙིང་པོ་ཆོས་ཀྱི་འཛིན་པ་ལ་དགོས་བ་མེད་དེ། དེ་དྲང་བའི་དོན་ཡིན་པ་དང། ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་སྐུར་པ་བཏབ་པའང་སྐྱོན་མེད་དེ། ཡེ་ནས་མེད་པ་ལ་སྐུར་འདེབས་ཀྱི་མཐར་མི་ལྷུང་བས་གནས་ཚུལ་བརྗོད་པའི་ཕྱིར་དང། སེམས་ཞུམ་པའང་འོས་པར་འགྱུར་ཏེ། བདེགཤེགས་སྙིང་པོ་རང་རྒྱུད་ལ་མེད་པས་སེམས་མི་ཞུམ་པའི་འཛིན་སྟངས་འཆར་བའི་དོན་ལ་མི་གནས་པའི་འཛིན་པ་ཡིན་པས་སོ། གཞན་ཡང་དེ་ལྟར་བྱས་ན་འཕགས་པ་ཐོགས་མེད་ལ་སོགས་པའང་ཚད་ལྡན་གྱི་སྐྱེས་བུར་མི་འགྱུར་ཏེ། བཅོམ་ལྡན་འདས་དང་བྱམས་པ་སོགས་ཀྱིས་གསུང་དགོས་པ་དང་དངོས་ལ་གནོད་བྱེད་ཀྱི་དམ་པའི་ཆོས་རྣམས་ལུགས་འདིར་དགོངས་པ་ཅན་མིན་པར་བཀྲལ་བས་སོ། དེས་ན་འཕགས་པ་ཐོགས་མེད་སྐྱོབ་ལ་གོམས་པར་ནུས་པའི་རྗེས་སུ་འབྲང་བར་མི་ནུས་པས། ཁོ་པོ་ཅག་རྣམས་ནི་འཕགས་པ་ཉིད་ཀྱི་རྗེས་སུ་འབྲང་བར་བྱའོ། འཇུག་བསྡུ་བའི་ཚིགས་སུ་བཅད་པ་ནི། ཀུན་རྫོབ་གདོད་ནས་བདེན་པར་མ་གྲུབ་ཅིང། གནས་སྐབས་སྣང་བ་ཙམ་ཀྱང་སྣང་ཙམ་ནས། བརྟགས་ན་སྐྱེ་བ་མི་འགྲུབ་སྐྱེ་མེད་པ། དེས་ནི་སྟོང་ཉིད་དམ་པ་ཡིན་པར་བསྟན། དོན་དམ་གདོད་ནས་བདེན་པས་མི་སྟོང་བ། སྐྱེ་འགག་བྲལ་བ་དུས་གསུམ་ཐམས་ཅད་དུ། མི་གནས་དོན་དེ་གནས་པའི་བདེ་བར་གཤེགས། སངས་རྒྱས་ཀུན་གྱི་སྙིང་པོ་དམ་པར་བསྟན། དོན་དེར་མོས་པའི་དོན་ལྡན་འགའ་ཞིག་གིས། བཀོད་ན་དོན་ལྡན་འགྱུར་ཞེས་བསྐུལ་པའི་ངོར། ལེགས་པར་བསམ་ནས་བཀོད་པའི་དགེ་བ་ཡིས། འགྲོ་བ་དེ་བཞིན་གཤེགས་སྙིང་ཤུན་བྲལ་ཤོག །ཅེས་པ་འདི་མོས་ལྡན་སངས་རྒྱས་དཔལ་གྲུབ་ཀྱིས་ཡང་ནས་ཡང་དུ་བསྐུལ་བའི་དོར། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱི་ཞལ་རྒྱུན་བར་མ་ཆད་དུ་བྱོན་པ་ལ་བརྟེན་པའི་སྐལ་བ་ཐོབ་པ། དཔལ་མི་བསྐྱོད་དགའ་བའི་དབྱངས་ཀྱིས་ཕྲག་ཡུལ་ཟུ་རུ་གདོང་ཞེས་པའི་ཚལ་དུ་བགྱིས་པའོ།། །།       སྣ་ཚོགས་གདངས་སུ་སྣ་ཚོགས་ཆོས་ཀྱི་གླུ། །ལེན་མཁས་དགའ་བའི་དབྱངས་ཀྱིས་སྲིད་ཞིའི་མགྲོན། །འགུགས་པའི་ངོ་མཚར་ཀུན་ལས་རྨད་བྱུང་བ། །གཞན་སྟོང་དབུ་མའི་སྲོལ་བཟང་འདི་ན་ཕྱེས་། །འདི་ཀོ་རིག་པའི་རྡོ་རྗེའི་ཐུགས་བསྐྱེད་ལས། འཛད་མེད་ཆོས་སུ་བསྐྲུན་པའི་ལེགས་བྱས་མཟུ། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་ཡོངས་སྨིན་ནས། །མཁའ་ཁྱབ་འགྲོ་བའི་དེད་དཔོན་ཉིད་དུ་ཤོག །ཅེས་པའང་གྲགས་པ་ཡོང་འདུར་འབོད་པས་སྨོན་པའོོ།། །།