Tibetan
Back to text page · Switch to: Tibetan
གཞན་སྟོང་གི་ལྟ་ཁྲིད་ནི། སྐྱབས་སེམས་སྔོན་དུ་སོང་ནས། འཁྲུལ་པ་ལ་བདེན་ཞེན་ཀུན་བརྟགས། ཡང་དག་མ་ཡིན་པའི་ཀུན་རྟོག་ཉིད་གཟུང་འཛིན་དངོས་པོར་ཞེན་པ་ཐག་ཁྲ་སྦྲུལ་བཞིན་གཟུགས་ནས་རྣམ་མཁྱེན་གྱི་བར་ཇི་སྙེད་ལ། དེ་དང་དེར་བཟུང་བའི་ཀུན་བརྟག་ཀྱང་དེ་སྙེད། རྒྱུ་རྐྱེན་ལ་ལྟོས་ན་གཞན་དབང་སྣ་ཚོགས་སུ་སྣང་བ་ཡང་དག་མ་ཡིན་རྟོག་པ་ཙམ་དུ་ཟད་ལ། སྦྲུལ་དུ་འཁྲུལ་པའི་གཞི་ཐག་ཁྲ། ལས་དང་ཉོན་མོང་རྣམ་རྟོག་དུ་གྱུར་པའི་གཟུགས་ནས་རྣམ་མཁྱེན་གྱི་བར། གཞན་དབང་རྣམས་ལ་གདོད་མ་ནས་ཁྱབ་པའི་ཆོས་ཉིད་རང་བྱུང་ཐག་ཁྲ་ལ་ཁྱབ་པར་ཡོད་པའི་ནམ་མཁའ་བཞིན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ། འགྱུར་མེད་ཡོངས་གྲུབ། གཟུགས་སྐུ་གཉིས། བྱང་ཕྱོགས་ལམ་བདེན་རྣམས་དང་ཆོས་ཉིད་ཀྱི་གཟུགས་ནས་རྣམ་མཁྱེན་བར། ཐ་སྙད་དུ་ཀུན་བརྟག་མཚན་ཉིད་ཀྱིས་སྟོང་། ངོ་བོ་ཉིད་མེད་གསུམ་དུ་བཞག་ཀྱང་། དཔྱད་ན། སེམས་ལས་མ་གཏོགས་པའི་གཟུང་འཛིན་མེད་པའི་ཕྱིར་ཆོས་ཅན་གཞན་དབང་དང་། ཆོས་ཉིད་ཡོངས་གྲུབ་ཁོ་ན་དྲི་མ་དང་བྲལ་ཞིང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་གཅིག་པུ། དེས་ན་ཀུན་བརྟག་རང་གི་ངོ་བོས་སྟོང་པ་ཉིད་རི་བོང་གི་རྭ་ལྟ་བུ། གཞན་དབང་ཀུན་བརྟགས་ཀྱིས་སྟོང་པས་སྒྱུ་མ་ལྟ་བུ། ཡོངས་གྲུབ་ཀུན་བརྟག་གཞན་དབང་གཉིས་ཀར་གྱིས་སྟོང་པས་ནམ་མཁའ་ལྟ་བུ། ཀུན་བརྟག་གཞན་དབང་གི་ཐ་སྙད་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་མེད་ལ། ཆོས་ཉིད་ཡོངས་གྲུབ་ནི་དོན་དམ་དུ་ཡོད་ཀྱི། ཆོས་ཅན་ཀུན་རྫོབ་དང་ངོ་བོ་གཅིག་ཐ་དད་གང་ཡང་མ་ཡིན་པ་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོའོ། །ཆོས་ཀུན་མཚན་ཉིད་གསུམ་བསྡུས་ནས། །གཉིས་སྣང་གཡའ་ཡིས་མ་གོས་པའི། །དགའ་བ་རང་གྲོལ་མཆོག་གི་ཁྲིད། །འདིར་ནི་ཡི་གེར་གསལ་བར་བྱས། བཙན་ཁ་བོ་ཆེའི་ཁྲིད་དཔེ་ལས་བཏུས་སོ། །