དགེ་བཤེས་ངག་དབང་སྟོབས་ལྡན། Geshe Ngawang Topden
(Redirected from དགེ་བཤེས་ངག་དབང་སྟྟོབས་ལྡན། Geshe Ngawang Topden)
གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]
བོད་མདོ་ཁམས་སྒ་ཡུལ་དུ་སྤྱི་ལོ་ ༡༩༧༤ ་ལ་འཁྲུངས། ༡༩༨༨ བོད་མདོ་ཁམས་ལབ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཆོས་སྒོར་ཞུགས་ཏེ་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱོང་པ་གནང་། ༡༩༩༤ འཕགས་ཡུལ་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དང་། སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་འགོ་བརྩམས་སྟེ། ༡༩༩༨ ལོར་ ༧ ་གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༢༠༠༢ ་དང་། ༢༠༠༦ ་ལ་ཕར་ཕྱིན་དང་དབུ་མ་རབས་འབྱམས་པའི་ཕྱག་འཁྱེར་བཞེས། ༢༠༡༢ ་དང་ ༢༠༡༤ ་ནས་ ༢༠༡༦ ་ལ་རིམ་བཞིན་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་གསུམ་གྱི་ཨང་རིམ་དང་པོའི་ཕྱག་འཁྱེར་བཞེས། ༢༠༡༧ ་ལོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསང་ཆེན་འགྲེལ་བ་བཞི་སྦྲགས་སོགས་སྔགས་ཀྱི་སློབ་གཉེར་གནང་ཏེ། སྔགས་ཀྱི་ཕྱག་འཁྱེར་ཨང་རིམ་དང་པོ་བཞེས། ༢༠༡༩ ་ལོར་ཆོས་བརྒྱུད་ཆེན་མོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་མངོན་པ་མཛོད་དང་སྲིད་པའི་མཛོད་ཕུགས་ཀྱི་སྐོར་རིས་མེད་བགྲོ་གླེང་ཆེན་མོ་ཕེབས་ཏེ་གཏམ་བཤད་གནང་། སེ་ར་ཐེག་ཆེན་གླིང་དུ་དབུ་མའི་ལྟ་བའི་སྐོར་དང་། གདན་ས་ཆེན་མོ་དགའ་ལྡན་དུ་ཚད་མའི་དེ་ཁོ་ན་ཉིད་སོགས་ལ་བགྲོ་གླེང་ཆེན་མོ་གོ་སྒྲིག་ཞུས། ༢༠༠༦ ་ནས་བོད་ཕྲུག་ན་གཞོན་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སློབ་ཁྲིད་དང་། བོད་སྔ་ཕྱིའི་དབུ་མའི་ལྟ་བའི་དགོངས་པ་གཅིག་ཏུ་བབ་ཚུལ་སྐོར་ལ་ཉམས་ཞིབ་གྲུབ་ལ་ཉེ་བ་མ་ཟད། དབུ་མའི་གཞུང་ལ་ཉམས་ཞིབ་འགོ་བཙུགས་ཟིན། རྒྱུན་དུ་བོད་ཕྱི་ནང་གི་དྲྭ་ལམ་ཁག་དང་། དུས་དེབ། གསར་ཤོག རླུང་འཕྲིན་ཁང་རྣམས་སུ་བོད་ཀྱི་ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་དཔྱད་བརྗོད་རྩོམ་ཡིག་དང་། སློབ་ཁྲིད། གཏམ་བཤད་ཐེངས་མང་གནང་། ད་ལྟ་སེར་བྱེས་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་གྱི་ཕྱག་འགན་བཞེས་བཞིན་པ་ལགས།།
གཏམ་བཤད་བཅུད་དོན། Abstract[edit]
༡༽རྣམ་པར་དཀར་བའི་ལས་ཀྱི་ཐོག་མར་སྐྱབས་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པའི་ཚུལ།
དཔག་མེད་བསྐལ་བར་ཚོགས་གཉིས་རབ་རྫོགས་སྐུ། །འགྲོ་བ་གྲངས་མེད་དགྲོལ་ཕྱིར་རྟེན་འབྱུང་གསུངས། །གཏིང་མཐའ་མུ་མེད་བྱམས་བརྩེ་མཁྱེན་པའི་ཐུགས། །སྐྱབས་མཆོག་ཐུབ་པའི་དབང་པོར་སྒོ་གསུམ་འདུད། །ཤིང་རྟ་ཆེ་གཉིས་པཎ་གྲུབ་བཅུ་བདུན་སོགས། །སྐྱེ་དགུ་རྨོངས་མུན་སེལ་བའི་ལུང་རྟོགས་བསྟན། །འཛམ་གླིང་ས་ཆེན་ཞི་བདེའི་འཕྲིན་ལས་རྨད། །ཨེ་མ་བཀའ་དྲིན་བསམ་ཞིང་སྒོ་གསུམ་འདུད། །
སྔ་འགྱུར་རོང་ཀློང་སྒྲུབ་བརྒྱུད་མར་མི་དྭགས། །ས་ཆེན་རྣམས་ལྔ་ཇོ་ནང་ཀུན་མཁྱེན་དང་། །དགེ་ལྡན་སྲོལ་འབྱེད་ཙོང་ཁ་ཡབ་སྲས་སོགས། །རིས་མེད་བརྒྱུད་པ་དང་བཅས་སྒོ་གསུམ་འདུད། །སྤྱོད་པ་འཚེ་མེད་འཛམ་གླིང་ཞི་བདེ་བསྐྲུན། ་།ལྟ་བ་རྟེན་འབྱུང་ཡང་དག་རིགས་པས་བསྒྲུབས། །རིས་མེད་སྟོན་པ་བཀའ་དྲིན་གསུམ་ལྡན་རྗེ། །དྲིན་ཅན་བླ་མ་བསྟན་འཛིན་རྒྱ་མཚོར་འདུད།།
༢༽སྐབས་བབ་བདེ་གཤེགས་སྙིང་པོའི་བགྲོ་གླེང་གི་གལ་ཆེའི་རང་བཞིན་མདོར་བསྡུས་ཙམ་བཤད་པའི་ཚུལ།
ཐོག་མར་སྐྱབས་ཡུལ་དམ་པ་རྣམས་ལ་མཆོད་བརྗོད་སྔོན་དུ་བཏང་སྟེ། འདིར་བཤད་བྱའི་གཙོ་བོ་ནི་བདེ་གཤེགས་སྙིང་པོའི་ཆོས་སྐོར་ཡིན་ལ། འདི་ནི་མཉམ་མེད་ཤཱཀྱ་སེངྒེའི་ཐེག་པ་ཆེན་པོའི་ཆོས་ཚུལ་སྤྱི་དང་། བྱེ་བྲག་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་ཀྱིས་མདོ་སྔགས་གཉིས་ཀའི་ལུགས་ལ་ཆེས་གལ་ཆེ་བའི་ཐོས་བསམ་འཇུག་ཡུལ་དང་། སྒོམ་པའི་ཉམས་སུ་ལེན་བྱར་འདི་ལས་ལྷག་པ་ཞིག་མེད་ལ། སེམས་ཅན་ཐམས་ཅད་མཐར་ཐུག་འཚང་རྒྱ་རུང་བ་དང་། རྒྱ་ཐུབ་པ། ངེས་པར་རྒྱ་བ་ཡོད་མེད་ཀྱི་དཀའ་བའི་གནད་གཙོ་བོ་གཅིག་ནི་ཁམས་བདེ་གཤེགས་སྙིང་པོའི་རྣམ་གཞག་འདི་དག་ཇི་བཞིན་འཇོག་ཐུབ་མིན་ལ་རག་ལས་ཡོད། ཇི་སྐད་དུ་ཡང་། མདོ་ལས་སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ་ཞེས་གསུངས་པ་ལྟར། སེམས་ལ་སེམས་རང་བཞིན་གྱིས་གཤིས་སུ་གྲུབ་པ་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ལ་དྲི་མས་མ་གོས་པ་འོད་གསལ་བ་ཡིན་པ་དང་། དྲི་མ་རྣམས་ནི་སེམས་གྱི་རང་བཞིན་ལ་མ་ཞུགས་པ་གློ་བུར་པ་ཡིན་པས་སླུ་མེད་ཀྱི་གཏན་ཚིག་རྣམས་དང་། ལུས་ཅན་སེམས་ཅན་ཀུན་ལ་བདེ་གཤེགས་སྙིང་པོ་ཁྱབ་ནས་ཡོད་ཚུལ་རིགས་པ་སྣ་ཚོགས་དང་། དེའི་ངོ་བོ་དང་བྱེད་ལས། ཕྲ་རགས་སོགས་ཀྱི་དབྱེ་མཚམས་དག་གཞུང་ལུགས་ཚད་ལྡན་ནས་གསུངས་པ་རྣམས་ཇི་བཞིན་ཤེས་ན། ད་གཟོད་གོང་དུ་བཤད་པའི་དཀའ་གནད་རྣམས་ཤེས་པས་ཧ་ཅང་གལ་ཆེ་བ་ཡིན་པར་སྨོས་མེད་ཐོག རང་ཅག་ནང་པའི་རྗེས་འཇུག་པ་དག་གིས་བདེ་གཤེགས་སྙིང་པོའི་ཆོས་སྐོར་རྣམས་ལ། དུས་ཀུན་ཏུ་སྒོ་ཐམས་ཅད་ནས་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་ལེན་ཐུབ་ན་དལ་འབྱོར་སྙིང་པོ་བླང་པ་ཡིན་པས་བརྩོན་འགྲུས་བྱོས་ཤིག
༣༽རྗེ་བླ་མ་ཙོང་ཁ་པས་བདེ་བར་གཤེགས་པའི་སྙིང་པོ་རྒྱུད་བླ་མའི་བསྟན་བྱའི་གཙོ་བོར་བཞེད་པའི་ཚུལ།
བདག་ཅག་རྣམས་ཀྱི་སྟོན་པ་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྟོན་པ་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་གྱི་སྙིང་པོ་ནི། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་གཉིས་སུ་འདུས་ལ། དེ་གཉིས་ཀྱི་བརྒྱུད་པ་གཙོ་བོ་ཡང་ཟབ་མོ་ལྟ་བརྒྱུད་དང་། རྒྱ་ཆེན་སྤྱོད་བརྒྱུད། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་དུ་འདུས་ལ། རྒྱ་ཆེན་སྤྱོད་བརྒྱུད་ཐོག་མར་རྒྱལ་ཚབ་བྱམས་པ་མགོན་པོའི་གསུང་བྱམས་ཆོས་སྡེ་ལྔའི་བརྗོད་བྱ་གཙོ་བོ་གང་བསྟན་མིན་ཤེས་པར་གལ་ཆེ་བས། དང་པོ་བསྟན་བཅོས་མངོན་རྟོགས་རྒྱན་ནི། རྒྱ་ཆེ་བའི་བྱང་ཆུབ་ལམ་གྱི་རིམ་པའི་ལམ་བགྲོད་ཚུལ་གྱི་གདམས་ངག་ཀུན་གྱི་རྩ་གཞུང་གི་རྒྱལ་པོ་ལྟ་བུ་དང་། གཉིས་པ་མདོ་སྡེ་རྒྱན་ནི། རྒྱ་ཆེ་བའི་ལམ་གྱི་རིམ་པའི་ཉམས་ལེན་གྱི་གནད་དུ་མ་རྒྱས་པར་བསྟན་པའི་མདོ་སྡེ་མང་པོའི་དོན་བསྡུས་དང་། གསུམ་པ་དབུས་མཐའ་རྣམ་འབྱེད་དང་། བཞི་པ་ཆོས་ཉིད་རྣམ་འབྱེད་གཉིས་ནི། རྒྱ་ཆེ་བའི་ལམ་གྱི་རིམ་པའི་ཕར་ཕྱིན་ཐ་མ་ཞི་ལྷག་གཉིས་ཉམས་སུ་ལེན་ཚུལ་གྱི་གནད་རྣམས་རྒྱས་པར་གསུངས་པ་དང་། ལྔ་པ་ཐེག་པ་ཆེན་པོ་རྒྱུད་བླ་མ་ནི། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་བར་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་འདི་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་གཙོ་བོ་དེ་ཡིན་ལ། ད་ལན་བགྲོ་གླེང་གི་བརྗོད་གཞིའི་གཙོ་བོ་ཡང་ཁམས་བདེ་གཤེགས་སྙིང་པོ་དེ་བཞིན་ཉིད་འདི་ཉིད། ལུས་ཅན་སེམས་ཅན་ཀུན་ལ་ཁྱབ་པར་དང་། དཔེ་དགུ་དོན་དགུའི་སྒོ་ནས་རྒྱས་པ་གསུངས་ཞིང་། བྱང་ཆུབ་ལམ་གྱི་རིམ་པའི་མཐར་ཐུག་གི་དབུ་མའི་ལྟ་བ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱི་རིག་ཚོགས་རྣམས་སུ་གསུངས་པའི་དཔལ་ལྡན་དབུ་མ་མཐའ་འགྱུར་བའི་ལྟ་བ་དང་མཐུན་པར་གསུངས་སོ།།
༤༽རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་བྱམས་ཆོས་སྡེ་ལྔ་དབུ་སེམས་གང་གི་ལུགས་ཡིན་མིན་གྱི་བཞེད་ཚུལ།
དེ་ཡང་བྱམས་ཆོས་སྡེ་ལྔ་པོ་དེ་དབུ་སེམས་གང་གི་ལུགས་ཡིན་མིན་ལ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་པ་མི་མཐུན་པ་ཧ་ཅང་མང་ཡང་། རྗེ་ཙོང་ཁ་པ་ཡབ་སྲས་དང་ཀུན་མཁྱེན་གོ་རམས་པ་སོགས་ཀྱིས་ཐོག་ཐ་གཉིས་དབུ་མ་པ་དང་། བར་པ་རྣམས་སེམས་ཙམ་པའི་གཞུང་དུ་འགྲེལ་ཞིང་། དགེ་ལྡན་པའི་མཁས་པ་རྣམས་ཀྱིས་རྗེ་ཡབ་སྲས་ཀྱི་བཞེད་པ་ལྟར། དང་པོ་བསྟན་བཅོས་མངོན་རྟོགས་རྒྱན་འཕགས་སེང་གཉིས་ཀྱིས་དབུ་མ་རང་བརྒྱུད་པའི་ལུགས་སུ་འགྲེལ་ཡང་། མཐར་ཐུག་དབུ་མ་ཐལ་འགྱུར་བའི་ལྟ་བར་གནས་པ་དང་། ཐ་མ་ཐེག་པ་ཆེན་པོ་རྒྱུད་བླ་མ་དབུ་མ་ཐལ་འགྱུར་བའི་ལུགས་སུ་བཀྲལ་བ་དང་། བར་པ་མདོ་སྡེ་རྒྱན་དང་། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད་གསུམ་གྱིས་ཀུན་གཞི་རྣམ་ཤེས་བཞེད་པ་དང་། ཕྱི་རོལ་དོན་དུ་གྲུབ་པ་བཀག་པ་སོགས་མང་བས་སེམས་ཙམ་པའི་ལུགས་སུ་བཞེད། དེས་ན་བྱམས་ཆོས་སྡེ་ལྔ་པོས་ཐེག་པོ་ཆེན་པོའི་གྲུབ་མཐའ་དབུ་སེམས་གཉིས་ཆར་གྱི་གཞི་བདེན་པ་གཉིས་དང་། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཀྱི་རྣམ་བཞག་རྒྱས་པར་བསྟན་པ་ཡིན་ནོ།། བྱམས་ཆོས་སྡེ་ལྔ་པོ་དེ་ཚད་མ་སྡེ་བདུན་ལྟར་འཇུག་པ་གཅིག་གིས་བརྩམ་པ་ཡིན་ཏེ། ཐོག་མར་མངོན་རྟོགས་རྒྱན་ལ་མཆོད་བརྗོད་དང་། ཐ་མ་རྒྱུད་བླ་མ་ལ་འཇུག་ཏུ་བསྔོ་བ་ཡོད་ཀྱང་བར་པ་རྣམས་སུ་མཆོད་བརྗོད་དང་འཇུག་ཏུ་བསྔོ་བ་སོགས་གང་ཡང་མེད་པས་སོ།། དེ་ཡང་སེ་ར་ཐེག་ཆེན་གླིང་གི་མཁས་པ་ཆེན་པོ་ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི་བྱམས་ཆོས་སྡེ་ལྔའི་བསྡུས་དོན་འཇམ་མགོན་དགྱེས་པའི་ཞལ་ལུང་ལས། མངོན་རྟོགས་རྒྱན་གྱི་ཐོག་མར་མཆོད་བརྗོད་ཡོད་ཅིང་། རྒྱུད་བླ་མའི་འཇུག་ཏུ་བསྔོ་བ་སོགས་བྱུང་བ་ལྟར་ན་བྱམས་ཆོས་ལྔ་བོ་འཇུག་པ་གཅིག་ཏུ་བརྩམས་ཤིང་། ཐོག་མ་མངོན་རྟོགས་རྒྱན་དང་ཕྱི་མ་རྒྱུད་བླ་མ་སྣང་ངོ་། །
༥༽རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་རང་ལུགས་ཀྱི་ཁམས་བདེ་བར་གཤེགས་པའི་སྙིང་པོའི་བཞེད་ཚུལ།
སྤྱིར་རིགས་ལ་གྲུབ་མཐའ་གོང་འོག་གི་རིགས་འདོད་ཚུལ་སྣ་ཚོགས་དང་། རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་སོགས་དབྱེ་བ་མང་མོད། སྐབས་འདི་གཙོ་བོ་བདེ་གཤེགས་སྙིང་པོའི་རིགས་ཀྱི་སྐོར་ཡིན་ལ། དེ་ཡང་ཇི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་སྙིང་པོ་ཅན་ནོ།། ཞེས་གསུངས་པའི་དོན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་དང་པོ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེ་མེད་ཕྱིར་དང། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་ལུས་ཅན་སེམས་ཅན་ཀུན་ལ། རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནམ་སངས་རྒྱས་ཀྱི་རྒྱུའི་སྙིང་པོ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། སེམས་ཅན་ཀུན་ལ་རྫོགས་པའི་སངས་རྒྱས་ཀྱི་འཕྲིན་ལས་འཕྲོ་བ་སྟེ་འཇུག་པའི་ཕྱིར་དང་། སངས་རྒྱས་དང་སེམས་ཅན་གྱི་སེམས་གཉིས་བདེན་པས་སྟོང་བའི་ཆོས་ཉིད་ལ་ངོ་བོ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་དང་། སེམས་ཅན་ཀུན་གྱི་རྒྱུད་ལ་སངས་རྒྱས་རུང་གི་རིགས་ཡོད་པའི་ཕྱིར། ཞེས་རིགས་པ་གསུམ་གྱིས་ལུས་ཅན་སེམས་ཅན་ཀུན་འཚང་རྒྱ་རུང་ཡིན་པར་སྒྲུབ་བོ། །དེས་ན་ལུས་ཅན་སེམས་ཅན་རྣམས་ཀྱི། སེམས་རང་བཞིན་གྱི་གྲུབ་པས་སྟོང་པ་སེམས་ཀྱི་ཆོས་ཉིད་དེ་བཞིན་དེ་ཉིད། རྒྱུད་བླ་རྩ་འགྲེལ་གྱི་སྐབས་ནས་གསུངས་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་བཞིན་ཉིད་ཡིན་ལ། དེ་དང་སྟོང་གཞི་སེམས་གཉིས་ཀྱི་རང་བཞིན་ལ་དྲི་མས་མ་གོས་ཀྱང་། གློ་བུར་གྱི་དྲི་མ་དགུ་སོགས་ཀྱིས་སྒྲིབ་པ་དེ། ཐབས་ཤེས་ཟུང་འབྲེལ་གྱི་ལམ་སྒོམ་པའི་སྟོབས་ཀྱིས་དྲི་མ་རྣམས་རིམ་བཞིན་བསལ་བ་སྟེ་སྤོང་ནས། མཐར་སྒྲིབ་པ་ཐམས་ཅད་དག་པ་སེམས་ཀྱི་སྟེང་གི་སྟོང་ཉིད་དེ་ཉིད་ངོ་བོ་ཉིད་ཀྱི་སངས་རྒྱས་སྐུ་དང་སྟོང་གཞི་ཡི་སེམས་དེ་ཉིད་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོར་སངས་རྒྱས་པ་ཡིན་པའི་ཕྱིར་རོ།།
༦༽དོན་བསྡུས་ཏེ་བདེ་གཤེགས་སྙིང་པོའི་བགྲོ་གླེང་མཚོན་དགེ་ཚོགས་ཐམས་ཅད་བསྟན་འགྲོའི་ཆེད་བསྔོ་ཚུལ།
སྨྲས་པ།།ནང་པའི་ཆོས་ཚུལ་སྙིང་པོའི་ལྟ་སྤྱོད་གཉིས།།གོལ་ས་མ་ནོར་བདེ་གཤེགས་སྙིང་པོའི་དོན།།
སྟོང་དང་སྟོང་གཞི་སྒྲིབ་བྱེད་དྲི་མ་རྣམས། །གཉེན་པོས་བཅོམ་སྟེ་སྐུ་བཞི་མངོན་འགྱུར་ཤོག །
སྟོན་དང་བསྟན་པ་གཅིག་པའི་ཆོས་མཐུན་གྲོགས། །སྟོན་མཆོག་ཐུགས་རྟེན་བྱ་རུང་ཁ་ཤོར་འདབས། །
སྟོན་པའི་ཆོས་ཚུལ་བདེ་གཤེགས་སྙིང་པོའི་དོན། །སྟོན་པས་བཀའ་སྲོལ་ཇི་བཞིན་ཆོས་གླེང་རྨད། །
ཚེ་སྔོན་ལས་སྨོན་བཟང་པོས་མཚམས་སྦྱོར་དང་། །ཚེ་འདིར་བླ་མ་བཤེས་གཉེན་བཀའ་དྲིན་ལས། །
ཚེ་འདིར་ཐོས་བསམ་སྒོམ་པས་རྒྱུད་སྦྱངས་སྟེ། །ཚེ་རབས་ཀུན་ཏུ་བསྟན་འགྲོའི་དོན་བྱེད་ཤོག།
ཨེ་མ་གངས་ཅན་མགོན་པོའི་བཀའ་དྲིན་ལས། །ཨེ་མ་བོད་ཀྱི་ཆོས་བརྒྱུད་རིས་མེད་རྣམས། །
ཨེ་མ་ཐུགས་མཐུན་འཛམ་གླིང་ཤར་ནུབ་ཁྱོན། །ཨེ་མ་སྔར་ལས་དར་རྒྱས་རྒྱུར་ཚོགས་བསྔོ།།
ཅེས་པ་འདི་ནི་ཙཱ་འདྲ་ཚོགས་པས་གོ་སྒྲིག་ཞུས་ཏེ། དགེ་ལྡན་རྒྱལ་སྤྱི་ལྷན་ཚོགས་དང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་བཀའ་ཕེབས་ལྟར་བདེ་གཤེགས་སྙིང་པོའི་ཆོས་སྐོར་ཐོག་རིས་མེད་བགྲོ་གླེང་ཆེན་མོའི་ཆེད་དུ། རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་བདེ་གཤེགས་སྙིང་པོའི་བཞེད་ཚུལ་སྙིང་བསྡུས་སུ་འཕགས་ཡུལ་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ། སེར་བྱེས་དགེ་བཤེས་ལྷ་རམས་པ་ལྡན་མ་ངག་དབང་སྟོབས་ལྡན་གྱིས་ཕྱི་ལོ་༢༠༢༣/༥/༢༠ ཉིན་བྲིས་པ་དགེ་གྱུར་ཅིག་གུ།།