དགེ་བཤེས་འཇིགས་མེད་རྒྱ་མཚོ། Geshe Jigme Gyatso
གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]
སྤྱི་ལོ་ ༡༩༨༠ ་ལོར་འཁྲུངས་ཤིང་། ༡༩༩༥ ་ལོར་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ལས་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་མཛད་ཅིང་། ༢༠༠༨ ་ལ་གྲྭ་ཚང་གི་འཛིན་གྲྭ་ཡོངས་སུ་རྫོགས་ནས་དགེ་ལུགས་རྒྱུགས་སྤྲོད་ལ་འགྲོ་རྒྱུའི་སྟ་གོན་བྱས། ༢༠༠༩ ་ནས་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དངོས་སུ་འགོ་འཛུགས་ཀྱིས་བཀའ་རམས་ལོ་གཉིས་དང་དེ་བཞིན་སློབ་དཔོན་དང་ལྷ་རམས་ལོ་གཉིས་རེ་བྱས་ནས་ལོ་ངོ་དྲུག་གི་རིང་འབད་བརྩོན་གནང་བ་ལ་བརྟེན་ནས། ༢༠༡༤ ་ལ་དགེ་ལྡན་པའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་མཐར་ཕྱིན། ༢༠༡༥ ་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྔགས་ཀྱི་ཆོས་ཐོག་འགྲིམས། ༢༠༡༦ ་ནས་ ༢༠༡༨ ་བར་གྲྭ་ཚང་གི་གསང་སྔགས་འཛིན་གྲྭ་ལོ་གསུམ་རིང་ལ་རྒྱུགས་སྤྲོད་དང་བཅས་པ་མཐར་ཕྱིན་ནས་ལོ་དེ་རང་ལ་སྒོ་མང་མཁན་རིན་པོ་ཆེ་མཆོག་ནས་གྲྭ་ཚང་གི་དཔེ་ཁྲིད་རྒན་ལ་བསྐོ་བཞག་གནང་བ་བཞིན་ད་ལྟ་དཔེ་ཁྲིད་གནང་བཞིན་པ་ལགས།།
གཏམ་བཤད་བཅུད་དོན། Abstract[edit]
༈ རྗེ་ཡབ་སྲས་གསུམ་གྱི་རྗེས་འབྲང་ཡིག་ཆའི་བདག་པོ་རྣམས་ཀྱིས་བདེ་གཤེགས་སྙིང་པོ་འམ་རིགས་ཀྱི་རྣམ་བཞག་བཞེད་ཚུལ་གང་ཡིན་གྱི་སྐོར། དང་པོ་བྱེ་བྲག་སྨྲ་བའི། མཛོད་ལས། མ་ཆགས་འཕགས་རིགས། ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རིགས་ཀྱི་ངོ་བོ་དང་དབྱེ་བ་ཇི་ཡོད། གཉིས་པ། མདོ་སྡེ་བའི། རྒྱལ་སྲས་མ་ལས། མདོ་སྡེ་པ་དག་གིས་རིགས་ཞེས་བྱ་བ་འདི་ནི་སེམས་ཀྱི་ས་བོན་གྱི་ནུས་པ་ཡིན་ཏེ། སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་པའི་སྐབས་ཀྱི་རིགས་ཀྱི་ངོ་བོ་ལ་གང་འཇོག གསུམ་པ། སེམས་ཙམ་པ་ཀུན་གཞི་འདོད་པ་དང་མི་འདོད་པ་དག་གི་ལུགས་ལ་རིགས་ཀྱི་ངོ་བོ་དང་དབྱེ་བ་འཇོག་ཚུལ་ལ་ཁྱད་པར་ཡོད་མེད། རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་འགལ་མིན། རང་བཞིན་གནས་རིགས་ལ་ཁྱད་པར་བཞི་ལྡན་དགོས་མིན། གཏན་ནས་རིགས་ཆད་ཀྱི་གང་ཟག་འཇོག་པའི་སྒྲུབ་བྱེད་ཡོད་མེད། བཞི་བ། དབུ་མ་པའི། ་མངོན་རྟོགས་རྒྱན་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ནས་། འཇུག་པའི་རྟེན་ལ་རིགས་ཤེས་བྱ། ། ཞེས་པའི་སྐབས་ནས་བསྟན་པའི་རིགས་ཀྱི་ངོ་བོ་དང་དབྱེ་བ་ས་མཚམས་བཅས་འཇོག་ཚུལ་གང་ཡིན། རང་བཞིན་གནས་རིགས་ལ་ཆོས་ཉིད་ཁོ་ན་དགོས་པའི་ལུང་གི་སྒྲུབ་བྱེད་ཇི་ཡོད་བཅས་སོ།།