མཁན་པོ་ངག་དབང་ཐོགས་མེད། Khenpo Ngawang Thokmey
གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]
བོད་གཙང་རུ་ལག་གི་ཆ། ལ་སྟོད་ལྷོ་པ་དྲུག་རས་ཕུད་ཅེས་པའི་གྲོང་གསེབ་ཏུ་འཁྲུངས། དགུང་ལོ་ ༧ ་ནས་ལོ་ ༨ ་ཀྱི་རིང་བོད་དུ་སློབ་གྲྭར་ཕེབས། སྤྱི་ལོ་ ༢༠༠༥ ་ལ་ཤར་ཁུམ་བུར་མདོ་སྔགས་ཆོས་རྫོང་དགོན་དུ་ཆོས་སྒོར་ཞུགས། སྤྱི་ལོ་ ༢༠༠༧ ་ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་མཐོ་རིམ་སློབ་གྲྭར་འཛུལ་ཞུགས་ཀྱིས་མི་ལོ་༡༠ ་ཡི་རིང་ལ་གཞུང་ལུགས་གྲགས་ཆེན་བཅོ་བརྒྱད་ཆ་ལག་བཅས་པས་གཙོས་རིག་གནས་ཁག་ལ་བརྩོན་པ་གང་ཐུབ་མཛད་དེ། སྤྱི་ལོ་ ༢༠༡༥ ་ལ་བཀའ་བཅུ་པ་དང་། ༢༠༡༧ ་ལ་སློབ་དཔོན་གྱི་མཚན་གནས་དང་། ༢༠༢༢ ་ལོར་མཁན་པོའི་གོ་གནས་བཞེས། ས་སྐྱ་མཐོ་སློབ་ཁང་དུ་ལོ་ ༢ ་ཀྱི་རིང་སྐྱོར་དཔོན་མཛད་དེ་འཛིན་གྲྭ་ཁྲིད། ༢༠༡༧ ་ནས་ཝཱ་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་ས་སྐྱ་རང་གཞུང་གི་སློབ་ཁྲིད་དགེ་རྒན་གནང་མུས་ཡིན།།
གཏམ་བཤད་བཅུད་དོན། Abstract[edit]
ཤཱཀྱའི་སྲས་ཀྱི་ཐེག་མཆོག་ངེས་པའི་དོན། །
ཚད་ལྡན་ཤིང་རྟའི་སྲོལ་དུ་གང་བྱོན་པ། །
དྲི་མེད་ལེགས་པའི་བློ་ཡིས་འདོམས་པ་ལ། །
དེ་ལ་བདག་ཉིད་ཆེན་པོ་འདི་ཡི་བདེ་གཤེགས་སྙིང་པོའི་རྣམ་གཞག་སྙིང་བསྡུས་སུ་འཆད་པ་ལ་གསུམ་ལས།
དང་པོ། གྲུབ་མཐའ་མདོར་བསྡུས་ནི།
པཎ་ཆེན་རིན་པོ་ཆེས་(1428-1507)གྲུབ་མཐའ་བཞི་ལས་སེམས་ཙམ་པ་ལ་རྣམ་བདེན་རྫུན་གྱི་ཁྱད་པར་མི་འབྱེད། དབུ་མ་པ་ལ་གཉིས་ཏེ། ཀླུ་སྒྲུབ་ཞབས་ཀྱིས་ཕྱེ་བའི་སྲོལ་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་དང་། ཐོགས་མེད་ཞབས་ཀྱིས་ཕྱེ་བའི་སྲོལ་རྣལ་འབྱོར་སྤྱོད་པ་པའི་དབུ་མ་པ་གཉིས། མཁས་པ་གཞན་གྱིས་སེམས་ཙམ་རྣམ་རྫུན་པར་བཞེད་པ་དེ་ཉིད་ཁོང་གིས་དབུ་མ་རྣལ་འབྱོར་སྤྱོད་པ་བར་བཞེད་ཅིང་། བྱམས་ཆོས་སྡེ་ལྔ་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཡབ་སྲས་རྣམས་ཀྱི་གཞུང་རྣམས་དབུ་མའི་བསྟན་བཅོས་སུ་ཁས་ལེན་ནོ། །དབུ་མ་དེ་གཉིས་ཀྱང་ཐོས་བསམ་གྱི་ཚེ་ན་ངོ་བོ་ཉིད་མེད་པའི་དབུ་མ་ཟབ་ཅིང་། སྒོམ་པའི་ཚེ་ན་རྣལ་འབྱོར་སྤྱོད་པའི་དབུ་མ་ཟབ་ལ། དགོངས་པ་གཅིག་ཡིན་པར་གསུངས་སོ། །
གཉིས་པ། གཤེགས་སྙིང་སྟོན་པའི་གཞུང་།
ད་ཡོད་པཎ་ཆེན་རིན་པོ་ཆེའི་བཀའ་འབུམ་པོད་ཉེར་བཞི་ནང་སྙིང་པོ་སྟོན་བྱེད་ཀྱི་གཞུང་རང་རྐང་བ། པོད་ཀ། ༡ ཤེར་ཕྱིན་ལུང་རིགས་རོལ་མཚོའི་སྐབས་དང་པོ་རྟེན་རིགས་བཤད་པའི་སྐབས། པོད་ག། ༢ མངོན་རྟོགས་རྒྱན་གྱི་ལུས་དང་ཡན་ལག་རྒྱས་བཤད་ཀྱི་རིགས་ཀྱི་སྐབས། ༣ རྒྱན་གྱི་སྤྱི་དོན་ཉེར་མཁོ་བསྡུས་པ་ལུང་ཆོས་རྒྱ་མཚོའི་སྙིང་པོའི་རྟེན་གྱི་སྐབས། པོད་ཆ། ༤ གསེར་གྱི་ཐུར་མའི་གཤེགས་སྙིང་དང་འབྲེལ་བའི་ལན་གྱི་སྐབས། པོད་ད། ༥་བྱམས་ཆོས་ལྔ་ཡི་ལམ་རིམ་གསལ་བྱེད་ལས་རྒྱུད་བླ་མའི་ལམ་རིམ་གྱི་སྐབས། པོད་པ། ༦ རྒྱུད་བླ་མའི་རྣམ་བཤད་སྔོན་མེད་ཉི་མ། ༧ སངས་རྒྱས་སྙིང་པོའི་རྣམ་བཤད་མདོ་རྒྱུད་སྙིང་པོ། པོད་ཙ། ༨ སྡོམ་གསུམ་གྱི་དྲི་བ་ཀུན་ལ་གྲགས་ཆེ་བ་གསུམ་གྱི་བཤད་པ། ༩ གསེར་གྱི་ཐུར་མ་ལས་བརྩམས་པའི་དོགས་དཔྱོད་འབེལ་གཏམ་རབ་གསལ་རྣམ་ངེས། ༡༠ བློ་མཆོག་པའི་དྲིས་ལན། ༡༡ པོད་འ། རྗེ་བཙུན་མུས་རབ་འབྱམས་པའི་གསེར་ཐུར་ལས་འཕྲོས་པའི་དྲི་བ་བཅས་ཆོས་ཚན་བཅུ་གཅིག་བཞུགས་སོ། །
གསུམ་པ། གཤེགས་སྙིང་གི་རྣམ་གཞག་དངོས།
༡༽ སྟོན་པས་ཇི་ལྟར་གསུངས་ཚུལ།
བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དེས་གསུངས་པའི་གྲུབ་མཐའ་བཞི་ལས། ཉན་ཐོས་སྡེ་པའི་གཞུང་ལས་སངས་རྒྱས་སྙིང་པོ་མ་བཤད་ཅིང་། སེམས་ཙམ་པས་ཀུན་གཞིའི་སྟེང་གི་ཟག་མེད་ས་བོན་ལ་བདེ་གཤེགས་སྙིང་པོར་བཞེད། དབུ་མ་པ་ལ་ཕ་རོལ་ཕྱིན་དང་གསང་སྔགས་ལས་སྙིང་པོ་རྣམ་གཉིས་གསུངས་ཤིང་། ཕ་རོལ་ཕྱིན་པ་ལ་ཡང་འཁོར་ལོ་བར་པར་སྤྲོས་པ་མཐའ་དག་བཀག་པའི་མེད་དགག་ལ་སྙིང་པོར་འཆད་པ་དང་། འཁོར་ལོ་གསུམ་པར་སྙིང་པོ་མ་ཡིན་དགག་ལ་བཞེད་ཅིང་། དེ་ཡང་མདོ་ལ་ལར་སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་པར་གསུངས། མདོ་ལ་ལར་དེ་དགོངས་པ་ཅན་དུ་འགྲེལ་བར་མཛད་དོ། །གསང་སྔགས་ཀྱི་གྲུབ་མཐའ་འོག་མ་གསུམ་གྱི་བཞེད་པ་ཕ་རོལ་ཕྱིན་པ་དང་མཐུན་ཞིང་། བླ་མེད་དུ་སྤྲོས་པ་ཀུན་ལས་འདས་པའི་བདེ་བར་ཆེན་པོར་བཞེད་པར་གསུངས་སོ། །
༢ རྒྱ་གར་མཁས་པས་ཇི་ལྟར་བཀྲལ་ཚུལ།
རྗེ་བཙུན་བྱམས་པ་མགོན་པོས་ཐེག་ཆེན་རྒྱུད་བླ་མར་རྣམ་གཞག་རྣམ་པ་བཅུ་དང་དཔེ་དོན་དགུ་ཡི་སྒོ་ནས་བཤད་ཚུལ་རྣམ་པ་གཉིས་གསུངས་ཤིང་། འཕགས་པ་ཀླུ་སྒྲུབ་ཀྱིས་དེ་བཞིན་ཉིད་སེམས་ཅན་ཀུན་ལ་ཡོད་པ་དང་། ཆོས་སྐུ་ས་དང་པོ་ནས་རིམ་གྱིས་འཕེལ་བར་གསུངས། འཕགས་པ་ཐོགས་མེད་ཀྱི་རྒྱུད་བླ་མའི་འགྲེལ་པ་ལས་རབ་དགའི་ས་ནས་སངས་རྒྱས་ཀྱི་སའི་བར་ལ་སྙིང་པོ་མཐོང་ཚུལ་གསལ་བར་གསུངས་སོ། །
༣༽ བོད་ཀྱི་མཁས་པས་ཇི་ལྟར་གསུངས་ཚུལ།
དེ་ཡང་བློ་མཆོག་པའི་དྲིས་ལན་ལས། གངས་ཅན་པའི་ཤིང་རྟ་ཆེན་པོ་དག་ལ་ལུགས་གཉིས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བཞེད་པའི་ལུགས་དང་། མ་ཡིན་པར་བཞེད་པའི་ལུགས་སོ། ། དང་པོ་ལ་གཉིས་ཏེ་སྙིང་པོའི་ངོས་འཛིན་སྟོབས་སོགས་ཡོན་ཏན་གྱི་ཁྱད་པར་དུ་མ་བྱས་པའི་མེད་དགག་གི་ཆ་ལ་བཞེད་པ་དང་། དེ་ཡིས་ཁྱད་པར་དུ་མ་བྱས་པའི་མ་ཡིན་དགག་གི་ཆ་ལ་བཞེད་པའོ། །དང་པོ་ནི་རྔོག་ལོ་ཙ་བ་རྗེས་འབྲངས་དང་བཅས་པ་ཡིན་ལ། གཉིས་པ་ནི་ཀུན་མཁྱེན་དོལ་བུ་བ་བརྒྱུད་པ་དང་བཅས་པའོ། །ལུགས་གཉིས་པ་སེམས་ཅན་ལ་སངས་རྒྱས་སྙིང་པོ་མེད་པར་བཞེད་པ་ནི་རྗེ་བཙུན་ས་སྐྱ་པ་རྣམས་དང་། ཀུན་མཁྱེན་གཉིས་པ་བུ་སྟོན་ལ་སོགས་པའོ། །ཞེས་གསུངས་སོ། །
༤༽ གཤེགས་སྙིང་གི་ངོས་འཛིན།
༡ བླ་མཆོག་པའི་དྲིས་ལན་ལས་“དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་སྟོབས་སོགས་ཡོན་ཏན་གྱི་ཆོས་རྣམས་དང་དབྱེར་མེད་དུ་གྱུར་པ་དེ་ལ་སངས་རྒྱས་སྙིང་པོ་ཟེར”། ཞེས་དང་རྒྱན་གྱི་རྣམ་བཤད་ལུང་ཆོས་རྒྱ་མཚོའི་སྙིང་པོ་ལས། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་དང་དབྱེར་མེད་པའི་དེ་བཞིན་ཉིད་དོ་ཞེས་དང་། སྔགས་ཀྱི་སྙིང་པོ་བཞེད་ཚུལ་ནི་སྙིང་པོའི་རྣམ་བཤད་ལས། རྒྱུད་སྡེ་འོག་མར་གསུངས་པ་ཡི། སྙིང་པོ་ཕ་རོལ་ཕྱིན་དང་མཐུན། རྣལ་འབྱོར་ཀུན་གྱི་བླ་མར་ནི། སྤྲོས་པ་ཀུན་ལས་རབ་འདས་པའི། ཟག་མེད་བདེ་བ་ཆེན་པོར་ནི། བདེ་བར་གཤེགས་པའི་སྙིང་པོ་སྟེ། དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །
༥༽ གཤེགས་སྙིང་གི་ཁྱད་ཆོས།
༡ སྙིང་པོ་དེ་ཐེག་ཆེན་འཕགས་པ་ལ་མ་གཏོགས་མེད་ཅིང་ཡོངས་སུ་རྫོགས་པ་སངས་རྒྱས་ཁོ་ན་ལ་ཡོད་པ། ༢ སྙིང་པོ་དང་དེ་བཞིན་གཤེགས་པ་དོན་གཅིག་ཅིང་མཚན་གྱི་རྣམ་གྲངས་བཞི་དང་ལྡན་པ།༤ ཡོན་ཏན་གྱི་ཆ་ནས་བཞག་དགོས་པ་ལས་རང་བཞིན་རྣམ་དག་གི་ཆ་ནས་བཞག་མི་རུང་བ།༥ སྙིང་པོ་དེ་ཤེས་པ་དང་། དངོས་པོ། མི་རྟག་པ། འདུས་མ་བྱས་པ། མ་ཡིན་དགག དགེ་བ། དོན་དམ་བདེན་པ། གཙང་བདེ་རྟག་བདག་ཡིན་པ། ༦མདོ་ལས་སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་ཅེས་པ་དེ་རྒྱུད་བླ་མས་དགོངས་པ་ཅན་དུ་བཀྲལ་བ་ལ་སོགས་པའི་ཁྱད་ཆོས་མང་དུ་གསུངས་སོ། །
༦༽ གཤེགས་སྙིང་སེམས་ཅན་ལ་མེད་པའི་ཤེས་བྱེད།
དེ་ལ་ལུང་རིགས་གཉིས་ལས་༡ལུང་ནི། བདེ་གཤེགས་སྙིང་པོ་སེམས་ཅན་ལ་མེད་དེ། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། མྱ་ངན་འདས་པ་མི་ཐོབ་སྟེ། འོད་དང་འོད་ཟེར་སྤངས་ནས་ནི།ཉི་མ་ལྟ་བར་མི་ནུས་བཞིན། ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །༢ རིགས་པ་ནི། བློ་མཆོག་པའི་དྲིས་ལན་ནས། སེམས་ཅན་རྣམས་ཆོས་ཅན། སྙིང་པོ་དངོས་དང་ལྡན་པ་མ་ཡིན་ཏེ། དྲིམ་དང་བཅས་པའི་ཕྱིར། ཁྱབ་པ་ཡོད་དེ། སྙིང་པོ་དངོས་ནི་དྲི་མ་དང་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་ཏེ། སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པ་ནི་དེ་དང་ལྷན་ཅིག་ཏུ་གནས་ན་དེ་དག་སྟོབས་སོགས་ཀྱི་ཡོན་ཏན་མཚན་ཉིད་པ་མ་ཡིན་པར་ཐལ་བའི་ཕྱིར་རོ།ཞེས་གསུངས་སོ། །
༧༽ སེམས་ཅན་ལ་ཡོད་པར་བཤད་པ་དྲང་དོན་ཡིན་པ།
༡ མདོ་ཡི་དོན། ལུང་རིགས་རོལ་མཚོ་ལས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྙིང་པོ་དེ་བཞིན་གཤེགས་པ་རེ་རེ་ཡོད་དོ་ཞེས་པ་ནི་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། ཅེས་གསུངས་པ་ལྟ་བུའི་མདོ་རྣམས་ཀྱི་སྒྲ་ཟིན་གྱི་དོན་ནོ། །ཞེས་གསུངས་སོ། །
༢ དེ་ཉིད་དགོངས་པ་ཅན་ཡིན་པ། དེ་ཉིད་ལས། སངས་རྒྱས་ཀྱི་སྙིང་པོ་ཕྱོགས་གཅིག་ལ་སྙིང་པོར་བཏགས་ནས་དེ་ཡོད་པ་ལ་སྙིང་པོ་ཡོད་པར་བཤད་པ་ཡིན་ཏེ། དཔེར་ན་རས་ཡུག་གི་ཕྱོགས་གཅིག་འཚིག་པ་ལ། རས་ཡུག་འཚིག་ཅེས་པ་ལྟ་བུའོ། ཞེས་གསུངས་སོ། དེ་ལ་བཏགས་མིང་གི་ཁྱད་ཆོས་གསུམ་ལས། ༡ འདོགས་པའི་རྒྱུ་མཚན། སེམས་ཅན་གྱི་རྒྱུད་ཀྱི་རང་བཞིན་འོད་གསལ་བ་དེ་ཆོས་ཅན། སྙིང་པོའི་མིང་གིས་འདོགས་སུ་རུང་སྟེ། དེའི་ཕྱོགས་གཅིག་ཡིན་པའི་ཕྱིར། ༢ བཏགས་པའི་དགོས་པ། སེམས་ཅན་ཐམས་ཅད་སྙིང་པོ་ཅན་དུ་མ་བསྟན་པའི་ཉེས་པ་ལྔ་སྤང་བའི་ཆེད་དུ་ཡིན་ནོ། །༣ དངོས་ལ་གནོད་བྱེད་ནི། སེམས་ཅན་རྣམས་ཆོས་ཅན། སངས་རྒྱས་ཀྱི་སྙིང་པོ་ཅན་མ་ཡིན་ཏེ། རང་གི་རྒྱུད་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། །
༨༽ མདོར་བསྡུས་ཏེ་བསྟན་པ།
སྙིང་པོའི་རྣམ་བཤད་ལས། དེ་ཕྱིར་བདེ་གཤེགས་སྙིང་པོ་ནི། བདེ་བར་གཤེགས་པ་ཉིད་ལ་བརྗོད། ཞེས་དང་། མདོར་ན་ཐེག་ཆེན་འཕགས་པ་ཀུན། བདེ་བར་གཤེགས་པའི་སྙིང་པོ་ཅན། དེ་ལས་གཞན་པའི་སེམས་ཅན་ལ། དེ་བཞིན་ཉིད་དང་རིགས་ཡོད་ཕྱིར། བདེ་གཤེགས་སྙིང་པོ་ཅན་དུ་བཏགས། ཞེས་གསུངས་སོ། ། རྫོགས་སོ།།