Tibetan

From Buddha-Nature
གཞན་སྟོང་དབུ་མའི་རྣམ་གཞག་སྙིང་པོར་དྲིལ་བ།
gzhan stong dbu ma'i rnam gzhag snying por dril ba
A Concise Presentation of Other-Emptiness Madhyamaka
SOURCE TEXT

Back to text page ·   Switch to: Tibetan


༄༅། །གཞན་སྟོང་དབུ་མའི་རྣམ་གཞག་སྙིང་པོར་དྲིལ་བ།

༄༅། །ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཞེད་པ་གཞན་སྟོང་དབུ་མའི་སྲོལ་ཅུང་ཟད་འཆད་ན། དོན་དམ་བདེན་པ་ནི་སྐྱེ་འཇིག་མེད་ཅིང་འདུས་མ་བྱས་པ་སྟེ། རྟེན་འབྲེལ་ལས་འདས་པའོ།། ཀུན་རྫོབ་བདེན་པ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན་རྒྱུ་དང་རྐྱེན་ལ་རགས་ལས་ཏེ་འདུས་བྱས་སོ།། འཁོར་འདས་གཉིས་ལས་འཁོར་བ་ནི། སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་བསྡུས་པ་སྟེ་ཟག་པ་དང་བཅས་པའོ།། མྱ་ངན་ལས་འདས་པ་ཆེན་པོ་ནི། སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཟག་མེད་ཀྱི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ།། རྣམ་ཤེས་དང་ཡེ་ཤེས་གཉིས་ལས། རྣམ་ཤེས་ནི་མུན་པ་མུན་ནག་དུག་ལྟ་བུ་སྤང་བར་བྱ་བ་སྟེ་ཀུན་རྫོབ་རང་སྟོང་། རང་བྱུང་གི་ཡེ་ཤེས་འོད་གསལ་སྟོང་པའི་རྣམ་པ་བདུད་རྩི་ལྟ་བུ་སྟེ། སྤང་བར་བྱ་བ་མ་ཡིན་པས་དོན་དམ་གཞན་སྟོང་། རྣམ་ཤེས་ཀྱི་རང་སྣང་ནི། ཀུན་རྫོབ་ཀྱི་ཁམས་གསུམ་བསྡུས་པ་སྡུག་བསྔལ་དང་སྐད་ཅིག་ལས་མ་འདས་ཏེ། ལས་དང་ཉོན་མོངས་ཀྱིས་སྤྲུལ་སྡུག་བསྔལ་གྱི་རང་བཞིན་ནོ།། རང་བྱུང་ཡེ་ཤེས་ཀྱི་རང་སྣང་ནི། དོན་དམ་པའི་ཁམས་གསུམ་པ་སྡུག་བསྔལ་དང་སྐད་ཅིག་ལས་འདས་པ་སྟེ། རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་ཅིང་སྡུག་བསྔལ་མེད་པའི་བདེ་བ་ཆེན་པོ་རྒྱུན་ཆད་མེད་པའོ།། རྣམ་ཤེས་དང་དེའི་རང་སྣང་ནི། སྨྲ་བསམ་བརྗོད་དུ་ཡོད་ཅིང་རྟོག་གེའི་སྤྱོད་ཡུལ་དུ་རུང་བ་སྟེ། ཆ་ཤས་དང་བཅས་ཤིང་དཔེ་དང་བཅས་པའོ།། རང་བྱུང་གི་ཡེ་ཤེས་དང་དེའི་རང་སྣང་ནི་སྨྲ་བསམ་བརྗོད་དུ་མེད་པ་སྟེ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ།། ཆ་ཤས་མེད་ཅིང་དཔེར་བྱ་ཀུན་ལས་འདས་པ་ཉིད་དོ།། བདེ་གཤེགས་སྙིང་པོ་དང་། གློ་བུར་གྱི་དྲི་མ་གཉིས་ལས། བདེ་གཤེགས་སྙིང་པོ་ནི་འོད་གསལ་ཆོས་ཀྱི་སྐུ་སྟེ། གཉུག་མ་ལྷན་སྐྱེས་གཞོམ་དུ་མེད་ཅིང་འཇིག་པ་མེད་པའི་བདེ་བ་ཆེན་པོ་མཁའ་ལྟར་ཁྱབ་པའོ།། གློ་བུར་དྲི་མ་ནི་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་དབུགས་རྒྱུ་བ་དང་བཅས་པ་གང་འཕོ་བའི་བག་ཆགས་མ་སྤངས་པའོ།། དེ་བས་ན་བདེན་པ་གཉིས་དང་འཁོར་འདས་གཉིས། རྣམ་ཤེས་ཡེ་ཤེས་གཉིས། སོ་སོའི་རང་སྣང་དང་བཅས་པ་ནི་ཁྱད་ཤིན་ཏུ་ཆེ། སྟོང་ཉིད་ཀྱང་གཉིས་ཏེ། ཀུན་རྫོབ་རྟེན་འབྲེལ་ལས་མ་འདས་པའི་སྟོང་པ་ཉིད་དང་། དོན་དམ་རྟེན་འབྲེལ་ལས་འདས་པའི་སྟོང་པ་ཉིད་དོ།། དེ་ཡང་དང་པོ་ནི་ཆོས་ཅན་གློ་བུར་བ་གསོག་གསོབ་རྫུན་པ་སྟེ། རང་རང་ངོ་བོས་སྟོང་པ་ཀུན་རྫོབ་སྟོང་ཉིད་དོ།། གཉིས་པ་ནི། ཆོས་ཉིད་འགྱུར་བ་མེད་པས་རང་བཞིན་བདེན་པ་ཡང་དག་མི་བསླུ་བ་སྟེ། རང་རང་གིས་མི་སྟོང་ཡང་རང་ལས་གཞན་ཀུན་རྫོབ་ཀྱིས་སྟོང་པ་དོན་དམ་སྟོང་ཉིད་དོ།། དེ་ཡང་ཆོས་སྐུ་དང་སྟོང་པ་མུ་གཉིས་ཏེ། སྟོང་ཉིད་ཡིན་ཡང་ཆོས་སྐུ་མ་ཡིན་པ་དང་། སྟོང་ཉིད་ཡིན་ལ་ཆོས་སྐུ་ཡིན་པའོ།། དང་པོ་ནི། ཆོས་ཅན་ཀུན་རྫོབ་རང་སྟོང་སྟེ་གཤིས་ཀྱི་གནས་ལུགས་ལ་ནམ་ཡང་མ་གྲུབ་ཅིང་དཔྱད་མི་བཟོད་པའོ།། གཉིས་པ་ནི། ཆོས་ཉིད་དོན་དམ་གཞན་སྟོང་དེ་ནམ་ཡང་མེད་པ་མ་ཡིན་ཞིང་དཔྱད་བཟོད་པའོ།། ངོ་བོ་ཉིད་གསུམ་ལས། ཀུན་བརྟག་དང་གཞན་དབང་གཉིས་ནི་གློ་བུར་བའི་ཆོས་ཏེ་ཀུན་རྫོབ་རང་སྟོང་། ཡོངས་གྲུབ་རྣམ་པ་གཉིས་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་དོན་དམ་གཞན་སྟོང་། ཕྱི་ནང་གཞན་གསུམ་ལས། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ནི་འགྱུར་བའི་ཆོས་ཅན་གློ་བུར་བ་སྟེ་ཀུན་རྫོབ་རང་སྟོང་། གཞན་བདེ་གཤེགས་སྙིང་པོ་ནི། ཆོས་ཉིད་གཉུག་མ་འཕོ་འགྱུར་མེད་པ་སྟེ་དོན་དམ་གཞན་སྟོང་། སྤྱིར་གྱིས་གཞི་ལམ་འབྲས་གསུམ་ལས། གཞི་ནི་འཁོར་འདས་ཐམས་ཅད་ཀྱི་གནས་སུ་གྱུར་པ་བདེ་གཤེགས་སྙིང་པོ་ཀུན་གཞིའི་ཡེ་ཤེས་ཏེ། སྐྱོན་གྱི་ཆ་རྣམས་སྦྱང་བའི་གཞི་དང་། ཡོན་ཏན་གྱི་ཆ་རྣམས་མངོན་དུ་གྱུར་པའི་གཞིའོ།། ལམ་གྱི་གཞི་དེ་ལ་སྐྱོན་གྱི་ཆ་རྣམས་ཟད་པར་བྱེད་ཅིང་། ཡོན་ཏན་རྒྱི་ཆ་རྣམས་མངོན་དུ་བྱེད་པའི་ཐབས་སུ་གྱུར་པ་ཚོགས་གཉིས་འཁོར་དང་བཅས་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུའི་ཡོན་ཏན་གདོད་ནས་ལྷུན་གྲུབ་རྟག་པར་གནས་པའི་སྒྲིབ་གཡོགས་སེལ་བར་བྱེད་ཅིང་། བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུའི་ཡོན་ཏན་སྔོན་མེད་རིམ་གྱིས་སྐྱེད་པར་བྱེད་པའོ།། འབྲས་བུ་ནི། བྲལ་འབྲས་ཆོས་སྐུ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྐུ་བསྐྱེད་འབྲས་གཟུགས་སྐུ་ཀུན་རྫོབ་བརྡ་ཡི་སྐུ་སྟེ། རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་སོ།། དེ་ལྟར་ཆོས་སྐུ་དྲི་མ་དང་བྲལ་བའི་གཞི་ནི་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་སྟེ། གཏེར་ཆེན་པོ་སྔར་ནས་ཡོད་པ་ལྟ་བུའོ།། གཟུགས་སྐུ་བསྐྱེད་པའི་ས་བོན་བྱས་པའི་རིགས་ནི། དགེ་བའི་རྩ་བ་གསར་དུ་བྱེད་པ་འབྲས་བུ་བཟང་པོ་ཅན་གྱི་ལྗོན་ཤིང་སྔོན་མེད་རིམ་པས་བསྐྱེད་པ་ལྟ་བུའོ།། དེ་ཡང་རང་བཞིན་ཀྱི་རིགས་ལ་བརྟེན་ནོ།། ཁྱད་པར་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་བཞི་ལས། སྦྱང་གཞི་ནི། ཀུན་གཞི་ཡེ་ཤེས་ཀྱི་སྙིང་པོ་དྲི་བཅས་དེ་བཞིན་ཉིད་དེ། སྤྲིན་ཚོགས་འཁྲིགས་པའི་ནམ་མཁའ་དང་། འདམ་གྱིས་གཡོགས་པའི་ནོར་ལྟ་བུའོ།། སྦྱང་བྱ་དྲི་མ་ནི་སྦུབས་ལ་ཞེན་པའི་ཀུན་གཞིའི་རྣམ་ཤེས་འཁོར་དང་བཅས་པ་སྟེ་སྤྲིན་ཚོགས་དང་འདམ་རྫབ་ལྟ་བུའོ།། སྦྱོང་བྱེད་ནི་འཕོ་བའི་སྐད་ཅིག་འགག་པར་བྱེད་པའི་ཐབས་མཆོག་འཁོར་དང་བཅས་པ་སྟེ། སྤྲིན་གཏོར་བའི་རླུང་དང་། འདམ་རྫབ་འཁྲུད་པའི་ཆུ་རྒྱུན་ལྟ་བུའོ།། སྦྱངས་འབྲས་ནི། འཕོ་བའི་སྐད་ཅིག་འགགས་པའི་གཞི་ལ་འཕོ་མེད་བདེ་སྟོང་རང་བྱུང་གི་ཡེ་ཤེས་གདོད་ནས་ལྷུན་གྲུབ་རྟག་པར་བཞུགས་པ་དེ་མངོན་དུ་གྱུར་པ་སྟེ། སྤྲིན་ཚོགས་སམ་ནམ་མཁའ་དག་པའམ་དྲི་བྲལ་དགོས་དགུ་ཚང་བ་ལྟ་བུའོ།། དེ་བས་ན་ཐམས་ཅད་མཁྱེན་པས་གསུངས་པའི་ལུང་རིག་མན་ངག་གི་རྗེས་སུ་འབྲངས་ནས་སྦྱང་བྱ་དྲི་མ། སྦྱང་གཞི། དག་བྱེད་དབྱེར་མེད་གཅིག་ཏུ་མི་བཞེད་དེ། དགག་གཞི་དོན་དམ་གཞན་སྟོང་ལས་རྟེན་འབྲེལ་ལས་འདས་པ། འཁོར་ལོ་ཕྱི་མར་གསལ་བར་བསྟན་པ་ཉིད། སྔགས་སུ་དགའ་བ་བཞི་དང་། ཉོན་མོངས་ཆེན་པོ་དང་། སེམས་དཔའ་ཆེན་པོ་དང་། རྡོ་རྗེ་དང་། ཐིག་ལེ་དང་། དེ་ཁོ་ན་ཉིད་དང་། ཕྱག་རྒྱ་ཆེན་པོ་དང་། རྡོ་རྗེ་སེམས་དཔའ་དང་། ཨེ་ཝཾ་གི་ཡི་གེ་ལ་སོགས་པ་རྣམ་པ་མང་ཞིང་མིང་ནས་འགྱུར་མེད་མཆོག་གི་བདེ་བ་ཆེན་པོ་བསྟན་ཏེ། དེའི་ཕྱིར་རྒྱུ་སྟོང་ཉིད་དང་། འབྲས་བུ་བདེ་བ་ཆེན་པོ་གཙོ་བོར་སྟོན་པས་ན་དེ་དང་དེའི་ཐེག་པར་བཞག་སྟེ། དོན་དབྱེར་མེད་གཅིག་ཏུ་གསུངས་པ་དག་གོ། དོན་གཅིག་ནའང་། ཞེས་སོགས་དང་། དེ་ལྟ་ནའང་མཐར་ཐུག་གི་དོན་སྔགས་སུ་གསལ་ལ། མཚན་ཉིད་ཐེག་པར་མི་གསལ་བ་དང་། དེ་མངོན་དུ་བྱེད་པའི་ཐབས་ཟབ་མི་ཟབ་ལ་སོགས་པའི་སྒོ་ནས་འབྲས་བུ་ཐོབ་པ་ལ་ཉེ་རིང་གི་ཁྱད་པར་འཕགས་པས། མ་རྨོངས་དང་སོགས་གསུངས་སོ།། གཞན་དག་ངོ་མ་ཤེས་ན་རྣམ་རྟོག ཤེས་ན་ཆོས་སྐུ། མ་ཤེས་ན་རྣམ་ཤེས། ཤེས་ན་ཡེ་ཤེས་སོགས་སྨྲ་བ་ནི། ངོ་མ་ཤེས་ན་མུན་པ། ཤེས་ན་སྣང་བ། ངོ་མ་ཤེས་ན་སྤྲིན་གྱི་ཚོགས། ཤེས་ན་ནམ་མཁའ་དྲངས་པ་སོགས་སྨྲ་བ་དང་མཚུངས། དེ་བཞིན་དུ་སྣང་སྲིད་ཐམས་ཅད་ཕྱག་རྒྱ་ཆེན་པོ། འདུས་བྱས་ཐམས་ཅད་རང་བྱུང་ཡེ་ཤེས། འཁོར་འདས་ཐམས་ཅད་སེམས་ཀྱིས་བྱས་པས་སངས་རྒྱས་མིང་སྟོང་ཞེས་པ་ལ་སོགས་འདོད་པ་རྣམས་ཀྱང་ཐུབ་པའི་གསུངས་དང་མི་མཐུན་པ་ཁོ་ན་སྟེ། དེས་ན་འདིར་ཀུན་རྫོབ་རྫུན་པ་ཡིན་པའི་བཟློག་ཕྱོགས་ཀྱིས་དོན་དམ་བདེན་གྲུབ་ཏུ་སོང་བས་འགྱུར་བ་མེད་པའི་སྒྲས་སྨོས་པ་དེ་འཁོར་ལོ་ཐ་མར་ཚིག་རྒྱས་ལ་དོན་མདོར་བྱས་པའི་ཚུལ་གྱིས་བསྟན་པ་ས་བཅུའི་དབང་ཕྱུག་མ་ཕམ་པས་འབྱེད་གཉིས། མདོ་རྒྱན་རྒྱུད་བླ་རྣམས་སུ་ཤིན་ཏུ་ཞིབ་པར་བཀྲལ་བ་ཐོགས་མེད་སྐུ་མཆེད་ཀྱིས་ཕྱེ་བ་ནི་མདོ་ཕྱོགས་ལྟ་བ་མཐར་ཐུག་པ་ངེས་དོན་དབུ་མ་ཆེན་པོ་ཞེས་བྱ། དེ་ཉིད་སྔགས་སུ་རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱད་པར་བྱས་པའི་འགྱུར་མེད་བདེ་ཆེན་ཞེས་བསྟན་པ་གང་ཞིག རང་གི་འགྲེལ་པ་དྲི་མེད་འོད་དང་། བདེ་མཆོག་དང་དགྱེས་པ་རྡོ་རྗེ་གཉིས་དེ་དང་མཐུན་པར་གཏན་ལ་དབབ་པ་ཕྱག་རྡོར་སྟོད་འགྲེལ་དང་། རྡོ་རྗེ་སྙིང་འགྲེལ་ཏེ་བྱང་ཆུབ་སེམས་དཔའ་འགྲེལ་པ་སྐོར་གསུམ་གྱིས་ཆེས་ཆེར་གསལ་བ་ཉིད། གངས་རིའི་ཡུལ་འདིར་མ་ཕམ་གཉིས་པ་ཀུན་མཁྱེན་ཡུ་མོ་བ་དང་། མཁས་ཤིང་གྲུབ་བརྙེས་ཇོ་ནང་པ་ཤེས་རབ་རྒྱལ་མཚན་ཡབ་སྲས། པད་དཀར་འཆང་བ་རང་བྱུང་རྡོ་རྗེ། རྣམ་དཔྱོད་ཟླ་མེད་པའི་པཎྜི་ཏ་ཤཱཀྱ་མཆོག་ལྡན་སོགས་ཀྱིས་རྒྱ་ཆེར་བཀྲལ་ཞིང་ཐུགས་ཉམས་སུ་བསྟར་བས་གྲུབ་པའི་རྒྱལ་སར་གཤེགས་པ་ཤ་སྟག་གི་ཕྱིར་ཕུང་པོ་རྣམ་དཔྱོད་ཀྱི་སྟོང་ཉིད་ཆུ་ཤིང་ལྟ་བུ་ལ་སྙིང་པོར་རློམ་པའི་རྟོག་གེ་བ་འགའ་རེ་མ་མགུ་ཡང་དོན་ལ་རྟེན་པའི་བློ་གྲོས་ཀྱི་མིག་ཅན་རྣམས་ཀྱིས་ལེགས་སོའི་དབུགས་དབྱུང་ཕྱོགས་གཅིག་ཏུ་བགྱིད་པ་ལགས་སོ།། ཞེས་པའང་མཉྫུ་གྷོ་ཥས་སོ།།