དགེ་བཤེས་བློ་བཟང་རྒྱ་མཚོ་ Geshe Lobsang Gyatso
གསུང་བཤད་པའི་རྣམ་ཐར་སྙིང་བསྡུས། Brief Speaker Profile[edit]
སྤྱི་ལོ་ ༡༩༧༩ ་ལ་མདོ་ཁམས་སོག་ཤོད་དུ་འཁྲུངས། བྱིས་དུས་སུ་ས་གནས་སློབ་གྲྭ་འགྲིམས་ཏེ་བོད་ཡིག་འབྲི་ཀློག་དང་ཨང་རྩིས་སོགས་སྦྱངས། དེ་ནས་སོག་ཙན་དན་དགོན་གྱི་ཆོས་སྒོར་ཞུགས་ཏེ་འདོན་ཆོ་ག་ཕྱག་ལེན་སྦྱངས། སྤྱི་ལོ་ ༡༩༩༧ ་ལོར་རྒྱ་གར་དུ་འབྱོར་ཞིང་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་བསྡུས་གྲྭ་ནས་མངོན་པའི་བར་ཀ་པོད་ལྔར་བགྲང་བྱ་ ༡༨ ་རིང་སློབ་གཉེར་མཛད་ཅིང་། ལོ་དེ་དག་གི་རིང་ཕལ་ཆེ་བ་ལོ་འཁོར་རྒྱུགས་སྤྲོད་རྩེ་ཕུད་དང་པོའི་དང་པོ་དང་། ཕར་ཕྱིན་རབ་འབྱམས་དང་དབུ་མ་རབ་འབྱམས་གཉིས་ཀ་རྒྱུགས་འབྲས་རྩེ་ཕུད་དང་པོའི་དང་པོར་སོན། ཞར་ལ་བརྡ་སྤྲོད་དང་སྙན་ངག་སོགས་གཟིགས་ནས་དུས་དེབ་དང་ཚགས་ཤོག་ཁག་ཏུ་རྩོམ་ཡིག་མང་པོ་སྤེལ་ཞིང་། སློབ་ཕྲུག་མང་པོར་སུམ་རྟགས་དག་གསུམ་འཆད་ཁྲིད་གནང། གྲྭ་ཚང་དུ་སྙན་གྲགས་ཆེ་བའི་གཞུང་ཚན་རིགས་ཞེས་པའི་རིགས་ཆུང་ཚོགས་ལོངས་དང། ༢༠༠༨ ་ལ་འཇང་དགུན་ཆོས་སུ་གདན་ས་གསུམ་གྱི་དགེ་འདུན་པའི་དབུས་སུ་དམ་བཅའ་དང་། ༢༠༡༢ ་འཇང་དགོན་ཆོས་གྱི་མཚན་ཕུད་དམ་བཅའ་འཇོག་གནང་བ་དང་། ༢༠༠༩ ་ལོར་ ༧ སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དྲུང་དུ་ཟབ་མོ་དབུ་མའི་དགག་བྱའི་དཀའ་གནད་ཆེ་སར་རྩོད་རྒྱུགས་ཕུལ། ༢༠༡༥ ་ལོ་ནས་ ༢༠༢༠ ་ལོའི་བར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ་ལོ་ལྟར་རྒྱུགས་འབྲས་རྩེ་ཕུད་དང་པོའི་དང་པོ་བླངས་ཏེ་མཐར་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ༢༠༢༠ ་ལོར་སེ་ར་བླ་སྤྱིའི་ཚོགས་དབུས་སུ་རིགས་ཆེན་ཚོགས་ལོངས་དང་དཀར་སྤྲོ་ཚོགས་ལོངས་གཉིས་ཀ་གནང་ཞིང་། ༢༠༢༡ ་ལོ་རྒྱུད་སྨད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་མཛད་དེ། རྒྱུད་སྡེ་བཞི་ཆ་ལག་དང་བཅས་པའི་ལུང་ཁྲིད་ཕྱག་ལེན་མཐའ་དག་གི་མན་ངག་ཐོབ། གསང་སྔགས་ཀྱི་རྒྱུགས་འབྲས་ཀྱང་ཨང་དང་པོའི་དང་པོ་ཐོབ། གཞན་ཡང་། རྒྱལ་བ་རིན་པོ་ཆེ་གཙོས་པའི་བླ་མ་དུ་མའི་སྤྱན་སྔ་ནས་རྗེ་ཡབ་སྲས་ཀྱི་གསུང་འབུམ་ཡོངས་རྫོགས་དང་མདོ་རྒྱུད་དུ་མའི་ལུང་དང་མན་ངག་གི་བརྒྱུད་པ་ཐོབ་ཅིང་། དབང་དང་རྗེས་གནང་སོགས་དམ་པའི་ཆོས་ཀྱི་བགོ་སྐལ་དང་། མཁས་པའི་བགྲོ་གླེང་དུ་མར་ཕེབས་པའི་སྐལ་བཟང་ཐོབ་སྟེ། ༢༠༠༩ ་ནས་བཟུང་ད་ལྟའི་བར་སེར་བྱེས་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་གནང་བཞིན་པ་ལགས།།
གཏམ་བཤད་བཅུད་དོན། Abstract[edit]
༈ གྲངས་མེད་བསྐལ་པར་ཚོགས་གཉིས་གོམས་པ་ལས། །སྣ་ཚོགས་གདུལ་བྱའི་གཉུག་སེམས་འོ་མའི་མཚོར། །དགོས་འདོད་སྣ་རྒུ་འཇོ་བའི་གཏེར་ཆེན་པོ། །སྟོན་མཆོག་སྨྲ་བའི་སེངྒེར་སྙིང་ནས་འདོད། དེ་ཡང་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱའི་དབང་པོའི་རིམ་པ་བལྟོས་ཏེ་དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་སོགས་ཆོས་འཁོར་རྫོགས་པར་བསྐོར་བ་ནི། འགྲོ་བ་རྣམས་དེ་ཁོ་ན་ཉིད་ལ་གཞོལ་བ་སོགས་ཀྱི་ཆེད་ཡིན་པས་མདོ་སྔགས་ཡོངས་ཀྱི་བླ་དང་སྲོག་ལྟ་བུ་ནི་གཞི་ལ་རང་ཆས་སུ་ཡོད་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡིན་ཅིང་། འདི་ཉིད་མདོ་སྔགས་ཀྱི་གཞུང་ལུགས་རྣམས་སུ་བརྡ་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཏོ། །དེ་ཡང་འཁོར་ལོ་བར་པ་སྡེར་གཏོགས་དང་བཅས་པས་བདེ་གཤེགས་སྙིང་པོ་དངོས་ཤུགས་ཅི་རིགས་ཀྱིས་བསྟན་ཀྱང་འཁོར་ལོ་ཐོག་མཐའ་གཉིས་ཀྱིས་ཅུང་ཟད་ཙམ་མ་བསྟན་ཏོ། ། སྤྱིར་རིགས་ཞེས་པ་ཕྱི་ནང་ཐུན་མོང་བའི་ཐ་སྙད་ཡིན་ཞིང་། གནའ་བོའི་རྒྱ་གར་བས་འགྲོ་བ་མིའི་རིགས་ལ་བཞིར་ཕྱེ་ཞིང་། དེ་དག་དཀོན་མཆོག་གིས་སྐྲུན་པར་མཚུངས་ཀྱང་བྲམས་ཟེ་དང་རྒྱལ་རིགས་མཆོག་དང་རྗེའུ་རིགས་དང་དམངས་རིགས་དམན་པས་རིགས་རུས་དམན་མཆོག་གི་ལྟ་ཚུལ་ཤུགས་ཆེར་བྱུང་ངོ་། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ཙམ་ནས་སྟོན་པ་མཆོག་རྒྱལ་པོའི་རིགས་སུ་འཁྲུངས་ཀྱང་རིགས་རུས་མི་གཙོ་བར་སྒྲུབ་པ་གཙོར་བཟུང་གི་ལྟ་གྲུབ་སྤེལ་ཏེ། འཇིག་རྟེན་ཀུན་སྙོམས་ཀྱི་ལམ་སྲོལ་ཆེན་པོ་གཏོད་པར་མཛད། རིགས་དེ་ཡང་བྱང་ཆུབ་གསུམ་པོ་གང་རུང་འཐོབ་རུང་ངམ། འཕགས་ལམ་འགྲུབ་རུང་གི་ནུས་ལྡན་ཞིག་ལ་ངོས་བཟུང་ངོ་། །དེས་ན་རང་སྡེ་གྲུབ་མཐའ་སྨྲ་བ་བཞིའི་རིགས་ཀྱི་འཇོག་ཚུལ་མི་མཐུན་པའི་ཚུལ་ནི་ཟུར་དུ་བྲིས་ཡོད། སྐབས་སུ་བབས་པ་བདེ་གཤེགས་སྙིང་པོ་ནི་སྟོང་ཉིད་དང་རྟེན་འབྲེལ་གྱི་རྣམ་གཞག་ལས་འདའ་མི་རུང་ཞིིང་སྙིང་པོའི་ལྟ་གྲུབ་འདི་སངས་རྒྱས་པའི་ལྟ་བའི་སྙིང་བཅུད་ཡིན་པས་དེའི་སྐོར་ཅུང་ཟད་བཤད་པར་བྱའོ། །དེ་ཡང་གཞི་ལ་རང་ཆས་སུ་ཡོད་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ནི་ལུས་ཅན་ཀུན་ལ་ཁྱད་མེད་དུ་ཡོད་ཅིང་། ཤེར་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་སོགས་ཀྱིས་གསལ་བར་བསྟན། མངོན་རྟོགས་རྒྱན་དང་རྒྱུད་བླ་མ་སོགས་ཀྱིས་དེ་དག་དགོངས་པ་བཀྲལ་ཅིང་། སྐལ་ལྡན་གདུལ་བྱ་རྣམས་ཀྱིས་ཉམས་བཞེས་གནང་ནས་མཐར་སྐུ་བཞི་ཡེ་ཤེས་ལྡན་གྱི་གོ་འཕང་ཐོབ་པར་བྱེད་དོ། །དེ་ཡང་སེམས་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་དྲི་མས་བསྒྲིབས་ཤིང་། ལམ་སྒོམ་པའི་གྲོགས་དང་བཅས་ན་བྱང་ཆུབ་འགྱུར་རུང་གི་རང་བཞིན་གནས་རིགས་དང་། དེ་བཞིན་གཤེགས་པའི་སྙིང་པོ། བདེ་གཤེགས་སྙིང་པོ་རྣམས་མིང་གི་རྣམ་གྲངས་སོ། །བདེ་གཤེགས་སྙིང་པོའི་ངོ་བོ་འདུས་མ་བྱས་དང་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་མེད་དགག གཞི་དུས་ལམ་དུས་གཉིས་ཀར་ཤེས་ཉོན་གྱི་དྲི་མ་ཅི་རིགས་པས་བསྒྲིབས་ཀྱང་དྲི་མ་གློ་བུར་བ་ཡིན་པའི་གནད་ཀྱིས་རིགས་དེ་ཉིད་དྲི་མ་དང་འབྲལ་རུང་གི་ཚུལ་དུ་ཡོད་དོ། །རང་བཞིན་གནས་རིགས་འདུས་མ་བྱས་ཡིན་ཡང་སངས་རྒྱས་འགྱུར་རུང་བའི་ཚུལ་ནི། འདི་ཉིད་སངས་རྒྱས་སྐྱེད་བྱེད་ཀྱི་རྒྱུ་མིན་ཡང་དྲི་མའི་སྦྱང་གཞི་མཐར་ཐུག་ཏུ་བཟུང་ནས་གཉེན་པོ་གོམས་པས་དགག་གཞི་དང་ཆོས་ཉིད་གཉིས་ཀ་སངས་རྒྱས་སུ་འགྱུར་རུང་ལ། སྤྱིར་རིགས་ནི་རྒྱུ་དང་ཁམས་སོགས་ལ་གོ་ཡང་སྐབས་འདིར་བྱང་ཆུབ་འགྱུར་རུང་གི་ཡོན་ཏན་ཞིག་ལ་འཇོག་གོ །མདོ་མཚན་ཉིད་ཐེག་པའི་སྐབས་སུ་ཡུལ་གྱི་འོད་གསལ་རྩལ་དུ་བཏོན་ནས་འཆད་པས་གསང་སྔགས་རྒྱུད་སྡེ་ནས་བཤད་པ་དང་སྤྱིའི་ཆ་ནས་ཁྱད་པར་མེད་དེ། མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་པར་དྲང་ངེས་རྣམ་འབྱེད་ལས་གསལ་བར་གསུངས་པས་སོ། །སྙིང་པོ་འདུས་མ་བྱས་དང་རྟག་བརྟན་ཐེར་ཟུག་ཡིན་ཀྱང་བདེན་གྲུབ་དང་ཡོན་ཏན་ཡེ་ལྡན། གཞན་སྟོང་དོན་དམ་པའི་སྐུ། དབྱིངས་རིག་དབྱེར་མེད། སྐུ་དང་ཡེ་ཤེས་དབྱེར་མེད་སོགས་སུ་ཁས་མི་ལེན་ནོ། །སྙིང་པོ་དེ་ངོ་བོ་བདེན་པས་སྟོང་བའི་རང་སྟོང་དང་། འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཞལ་བྱ་དང་། འདི་ཉིད་དྲི་མའི་སྦྱང་གཞིར་བྱས་ཏེ་གཉེན་པོ་རིམ་བཞིན་གོམས་པས་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་འགྲུབ་བོ། གཞན་ཡང་རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་སོགས་ཀྱིས་ལུས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྒྲུབ་པས་གཞུང་འདིས་བསྟན་པའི་རྟགས་གསུམ་པོ་འབྲས་རང་གང་ཡིན་སྤྲོ་བྱ་མང་ཡང་རེ་ཞིག་བཞག་གོ ། རང་བཞིན་གནས་རིགས་ནི་དགག་གཞི་དྲི་བཅས་སེམས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པའི་ཆ་ལ་འཇོག་པས་དགག་བྱ་དང་དགག་གཞིའི་ཁྱད་པར་ཡོད་ཅིང་། དགག་པ་གཉིས་ཀྱི་རྣལ་མ་གོ་དགོས་པ་དང་། ཡོད་པ་གཉིས་དང་མེད་པ་གཉིས་ཀྱི་རྣམ་དབྱེ་ལེགས་པར་ཕྱེ་བའི་སྒོ་ནས་ཐ་སྙད་ཚད་གྲུབ་འདོད་དོ། །གཞན་ཡང་འཁོར་ལོ་གསུམ་གྱི་དྲང་ངེས་ཀྱི་ཁྱད་པར་ནི། དངོས་སྨྲ་བས་སྒྲ་ཇི་བཞིན་པའི་མདོ་ངེས་དོན་དང་། ཅིག་ཤོས་དྲང་དུ་འཆད་ཅིང་། རང་རྒྱུད་པས་དོན་དམ་བདེན་པ་དངོས་ཀྱི་བརྗོད་བྱའི་གཙོ་བོར་བྱེད་ཅིང་སྒྲ་ཇི་བཞིན་པའི་མདོ་ངེས་དོན་དུ་བཀྲལ་བ་དང་། ཐལ་འགྱུར་བས་དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་བྱེད་པའི་མདོ་ངེས་དོན་དུ་བཞེད་དོ། །དེས་ན་འཁོར་ལོ་བར་ལ་ངེས་དོན་གྱིས་ཁྱབ་པ་དང་། ཐ་མ་ལ་དྲང་དོན་གྱིས་ཁྱབ་ཅིང་། དང་པོ་ལ་དྲང་ངེས་ཀྱི་ཆ་གཉིས་ཡོད་དོ། །འཁོར་ལོ་བར་པའི་མཚན་གཞིར་རྒྱས་འབྲིང་བསྡུས་གསུམ་དང་། དེ་བཞིན་གཤེགས་པའི་སྙིང་པོ་མདོ་སོགས་བཞེད་པས་སྙིང་པོའི་མདོ་བཅུ་འཁོར་ལོ་ཐ་མར་ཁས་མི་ལེན་ནོ། །གསང་སྔགས་ཀྱི་སྐབས་སུ་རྗེ་ཡབ་སྲས་ཀྱིས་བདེ་གཤེགས་སྙིང་པོ་ཕྱོགས་ཙམ་མ་གཏོགས་རྒྱས་བཤད་གནང་བ་མེད་དོ། །དེ་ཡང་མདོ་སྔགས་ཀྱི་ལྟ་བ་ཁྱད་པར་མེད་ཅིང་མདོ་ཕྱོགས་ནས་སྙིང་པོའི་སྐོར་རྒྱས་པར་བཤད་ཟིན་པའི་གནད་ཀྱིས་སོ། །རྒྱུད་དང་རྒྱ་གཞུང་ཁག་ཏུ་བདེ་གཤེགས་སྙིང་པོ་དང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་ཐ་སྙད་ཤིན་ཏུ་མང་ཡང་དེ་ཐམས་ཅད་གཞི་ཁམས་བདེ་གཤེགས་སྙིང་པོ་ལ་གོ་བའི་ངེས་པ་མི་སྣང་སྟེ། སྔགས་ཀྱི་སྐབས་སུ་ལྷའི་ས་བོན་སོགས་ལ་སྙིང་པོའི་སྒྲས་བསྟན་པ་དུ་མ་ཡོད་པས་སོ། །གསང་སྔགས་ཀྱི་བདེ་གཤེགས་སྙིང་པོ་ཞེས་པ་ངོ་བོ་ཆོས་ཉིད་དམ་རང་བཞིན་གནས་རིགས་ལས་ཟུར་བཀྲལ་བར་མི་སྣང་ལ། བླ་མེད་ཀྱི་གཞུང་ནས་བཤད་པའི་གཉུག་སེམས་ནི་རྫོགས་རིམ་གྱི་རྟོགས་པ་ཐོབ་ནས་ཡུལ་གྱི་འོད་གསལ་བདེ་གཤེགས་སྙིང་པོ་འཇལ་བའི་བདེ་ཆེན་ཡེ་ཤེས་སུ་འགྱུར་བ་ཡོད་ཀྱི། སེམས་འདི་བདེ་གཤེགས་སྙིང་པོ་མ་ཡིན་ནོ། ། དེ་ལས་གཞན་དུ་མཁས་པའི་བཤད་སྲོལ་མཆིས་ཀྱང་མ་སྤྲོས་སོ། །སྔགས་ལུགས་ལ་བདེ་གཤེགས་སྙིང་པོ་ཞེས་པ་ཀུན་གཞི་ལ་མི་འཇོག་སྟེ། མདོ་སྔགས་གང་གི་སྐབས་སུ་ཡང་དབུ་མ་པས་ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་རྣམ་ཤེས་དང་ཡེ་ཤེས་གང་ཡང་མི་བཞེད་པས་སོ། །ཀུན་གཞི་དང་ཉོན་ཡིད་ཀྱི་ཐ་སྙད་ཙམ་རྒྱུད་དང་རྒྱུད་འགྲེལ་རྣམས་སུ་མང་དུ་ཐོན་མོད། དེ་དག་ནི་སྐབས་སོ་སོར་དོན་གཞན་དང་གཞན་དུ་མིང་དུ་བཏགས་པ་ཙམ་ལས་ཀུན་གཞི་དངོས་མིན་པར་རྗེའི་རང་ལུགས་རྨ་མེད་པ་ཡིན་ནོ། །མདོར་ན།བོད་ཀྱི་ཆོས་བརྒྱུད་རྣམས་བདེ་གཤེགས་སྙིང་པོའི་ཆོས་སྐོར་ལ་གཟིགས་ཕྱོགས་མི་མཐུན་པ་ཡོངས་གྲགས་ཡིན་ལ། ལྷག་པར་དགེ་ལྡན་པའི་བཞེད་ཕྱོགས་འདི་ཆོས་བརྒྱུད་གཞན་དང་ལོགས་སུ་ཡོད་པ་ནི་དབུ་མའི་ལྟ་བ་འཇོག་ཚུལ་མི་མཐུན་པའི་གནད་ཀྱིས་ཡིན་པར་གདོན་མི་ཟ་མོད། འོན་ཀྱང་མཐར་ཐུག་གི་དགོངས་པའི་འབབ་ས་ནི་འགྲོ་བ་ཀུན་སངས་རྒྱས་འཐོབ་པའི་ཐབས་སུ་གསུངས་པ་ཤ་སྟག་ཡིན་པས་ཀུན་ལ་དད་གུས་བྱ་དགོས་པ་ལས་སྨད་པར་མི་རུང་ངོ་། །མཐའ་དོན། འདི་ནི་གོ་སྒྲིག་པའི་བཀོད་མངགས་ལྟར་བགྲོ་གླེང་དངོས་གཞིའི་ས་བོན་ཙམ་དང་། དངོས་གཞིའི་རྩོམ་ཡིག་གི་ཁ་བྱང་ལྟ་བུ་ཡིན་པས་ཁ་གསལ་གོ་བདེ་དེ་ཙམ་བྱུང་མ་སོང་བས་བཟོད་གསོལ་དང་བཅས་སེར་ལྷོ་ལྷ་རམས་པ་བློ་བཟང་རྒྱ་མཚོས། 2023/5/19 བྲིས་སོ།།