Tibetan

From Buddha-Nature

< Texts/'da' ka ye shes kyi 'chi kha ma'i man ngag

Revision as of 08:49, 15 January 2021 by KPhuntsho (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

འདའ་ཀ་ཡེ་ཤེས་ཀྱི་འཆི་ཁ་མའི་མན་ངག།
'da' ka ye shes kyi 'chi kha ma'i man ngag
Instruction for the Moment of Death
SOURCE TEXT

Back to text page ·   Switch to: EnglishTibetan


༄༅། །འདའ་ཀ་ཡེ་ཤེས་ཀྱི་འཆི་ཁ་མའི་མན་ངག་བཞུགས་སོ། །

༄༅། །ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཆི་ཁའི་དམིགས་པ་གལ་ཆེ་སྟེ། དེ་ལ་དང་པོར་འོ་སྐོལ་གྱི་རྟོག་པ་ལ་བདག་ཅག་ཆོས་སྒོར་ཞུགས་པ་རྣམས་ཀྱིས་དགེ་བ་གཅིག་པུ་ཡང་མ་བྱས་སྡིག་པ་གཅིག་པུ་ཡང་མ་བྱས་དགེ་སྡིག་འདྲེན་མར་ཡོད་པས། ད་སྔོན་ལ་འབྲས་བུ་གང་སྨིན་སྙམ་ན། འཁོར་བའི་ལས་ནི་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔར་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམས་སྨིན་འགྱུར། །ཞེས་པས། དགེ་སྡིག་གཉིས་གང་ལྕི་བའི་འབྲས་བུ་སྔོན་ལ་སྨིན། ལྕི་ཡང་སྙམ་ན་ཉེ་བ་གང་ཞེས་པས་འཆི་དུས་སུ་དམིགས་པ་གང་གསལ་བའི་འབྲས་བུ་སྔོན་ལ་སྨིན། འཆི་ཁར་དགེ་སྡིག་གསལ་མི་གསལ་སྙམ་ན་གོམས་པ་གང་ཞེས་པ་གང་གོམས་གྲངས་མང་བའི་འབྲས་བུ་སྔོན་སྨིན་ལ། གོམས་མ་གོམས་མཉམ་ན་སྔ་མ་སྔ་མ་ལ་ཞེས་པ་རྒྱུའི་གོ་རིམས་བཞིན་དུ་དགེ་སྡིག་སྔོན་ལ་གང་བྱས་པ་དེའི་འབྲས་བུ་སྔོན་ལ་མྱོང་ངོ་། །དེ་ལ་དགེ་བཤེས་སྣེ་ཟུར་བའི་ཞལ་ནས། འོ་ཅག་དགེ་སྡིག་གཉིས་ལྕི་མི་ལྕི་ཡང་སྡིག་པ་ལྕི། གོམས་མ་གོམས་ཡང་སྡིག་པ་གོམས་དོགས་ཡོད། སྔ་མི་སྔ་ཡང་སྡིག་པ་སྔ་དོགས་ཡོད་དེ་ཕལ་ཆེར་ཚེ་སྟོད་མི་དགེ་བ་ལ་བསྐྱལ་བས་སྔོན་ལ་ངན་སོང་དུ་འགྲོ་དོགས་ཡོད་གསུང་སྐད། དེས་ན་འཆི་ཁ་མའི་དམིགས་པ་གསལ་བ་གལ་ཆེ་བས་འཆི་ཁ་མའི་གདམས་ངག་ལ་གསུམ་སྟེ། དབང་པོ་རབ་བར་མ་དོར་ཕྱག་རྒྱ་ཆེན་པོ་ཐོབ་པའི་གདམས་ངག་དང་། དབང་པོ་འབྲིང་འཁོར་བར་མི་ལྟུང་བའི་གདམས་ངག་དང་། དབང་པོ་ཐ་མ་ངན་སོང་དུ་མི་འགྲོ་བའི་གདམས་ངག་གོ །དེ་ལ་དབང་པོ་ཐ་མ་ངན་སོང་དུ་མི་ལྟུང་བའི་གདམས་ངག་ནི་རང་གཞན་གང་ཡང་རུང་སྟེ། འཆི་ཁར་མི་དགེ་བའི་དམིགས་པ་ཡེ་དྲན་དུ་མི་གཞུག དགེ་བའི་དམིགས་པ་ཐན་འཐོ་བའི་ཚུལ་དུ་བྱ་སྟེ། སྐྱེས་བུ་གསུམ་ལ་སོགས་པ་རང་ད་ལྟ་ཉམས་སུ་ལེན་པའི་ཆོས་རྣམས་སྐྱེ་བ་གཅིག་ཙམ་གཉིས་ཙམ་མ་ཡིན་པར་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡེ་མ་བྲལ་བར་བྱ་སྙམ་དུ་བསམ། དེ་ནས་སངས་རྒྱས་དང་བྱང་ཆུབ་ཐམས་ཅད་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་ཐུགས་རྗེའི་སྤྱན་གྱིས་རིག་རིག་པོར་གཟིགས་པ་དེ་རྣམས་ལ་དམིགས་ལ། མ་ཡེངས་པར་སྐྱབས་འགྲོ་ཁྲིལ་ལི་ལི་བྱ། ངག་ཏུ་མི་ནུས་ན་ཡིད་ཀྱིས་བྱའོ། །དེའི་འཕྲོ་ལ་དབུགས་སོང་ན་ངན་སོང་དུ་ཕུལ་ཡང་མི་འགྲོ་གསུངས། དེས་ན་གང་ལ་དགའ་བའི་ཡིད་ཀྱིས་སྐྱབས་སོང་ན། འོག་ལྷུང་དག་ཏུ་ལྷུང་བར་མི་འགྱུར་བས། ཁྱེད་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི།། ཞེས་སོ། །དབང་པོ་འབྲིང་འཁོར་བར་མི་ལྟུང་བའི་གདམས་ངག་ནི་འཆི་ཁར་མི་དགེ་བ་ཡེ་དྲན་དུ་མི་གཞུག དགེ་བའི་དམིགས་པ་ཐན་འཐོ་བ་བཞིན་དུ་བྱས་ཏེ། རང་ཉིད་སྔར་ཉམས་སུ་ལེན་པའི་ཆོས་རྣམས་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐད་ཅིག་ཀྱང་མི་འབྲལ་བར་བྱ་སྙམ་དུ་རིག་པ་ལྷུར་ལ་གཏད། དེ་ནས་རང་གི་སྤྱི་བོར་ཡི་དམ་གྱི་ལྷ་བཞུགས་པར་བསམས་ལ་རང་གི་རྣམ་ཤེས་འདི་སྙིང་ཁ་ནས་ཧད་ཀྱིས་མཐོན་ཏེ་ཡི་དམ་གྱི་ཐུགས་ཀར་ཐིམས་ཀྱིས་འགྲོ་སྙམ་དུ་བསམ། དེའི་འཕྲོ་ལ་དབུགས་སོང་ན་འཁོར་བས་ཡེ་མི་སྐྱེ་གསུང་ངོ་། །དབང་པོ་རབ་བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་པའི་གདམས་ངག་ནི་འཆི་ཁར་མི་དགེ་བའི་དམིགས་པ་ཡེ་དྲན་དུ་མི་གཞུག དགེ་བའི་དམིགས་པ་ཐན་འཐོ་བའི་ཚུལ་དུ་བྱས་ཏེ། རང་ཉམས་སུ་ལེན་པའི་ཆོས་རྣམས་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡེ་མི་འབྲལ་བར་བྱ་སྙམ་དུ་བསམ། སེམས་ཅན་འདི་རྣམས་སྙིང་རེ་རྗེ་བདག་གིས་སྐྱེ་བ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱ་སྙམ་དུ་བསམ། དེའི་ཐབས་སྣང་བ་འདི་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བའི་སྟོང་ཉིད། མེད་པའི་སྣང་བ་རྫུན་པ་རྨི་ལམ་གྱི་སྣང་བ་དང་འདྲ་སྟེ་སྣང་བའི་དུས་ཉིད་ན་མ་གྲུབ་པ་ཡིན་སྙམ་དུ་བསམ། འོ་ན་སེམས་འདི་ཡང་དག་པ་ཡིན་ནམ་སྙམ་ན་སེམས་ཀྱང་དུས་གསུམ་འདས་པའི་སེམས་འགག་ནས་མེད། ད་ལྟར་གྱི་སེམས་ཀྱང་ངོ་བོ་ཁ་དོག་དང་དབྱིབས་ལ་སོགས་པར་མ་གྲུབ། གནས་ཕྱི་ནང་ལ་སོགས་པར་བསྩལ་ན་མ་རྙེད་པས་སེམས་ཀྱང་སྐྱེ་མེད་སྤྲོས་བྲལ་དུ་ཤེས་པར་བྱས་ལ་མི་རྟོག་པའི་ངང་ལ་གཞག དེ་ལྟར་བསྒོམས་པས་འཆི་ཁར་གཉུག་མར་གནས་པའི་མི་རྟོག་པ་དང་བསྒོམས་པའི་མི་རྟོག་པ་གཉིས་མ་བུར་ཕྲད་ནས་མི་རྟོག་པ་ལྷག་པར་བཟང་པ་གཅིག་འབྱུང་སྟེ། དཔེར་ན་ཞིང་རླན་པ་ལ་ཆུ་གཏང་ན་ལྷག་པར་འཐུང་བ་བཞིན་ནོ། །མི་རྟོག་པའི་ངང་ལ་དབུགས་སོང་ན་བར་མ་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། སྐྱེ་བ་མི་ལེན་པ་བྱ་བ་ཡང་དེ་འདྲ་ལ་གླགས་ཆེ་གསུང་། དེ་རྣམས་ཀྱི་ཁུངས་ནི་འཕགས་པ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་འཆི་ཀའི་ཚེ་ཇི་ལྟར་བལྟ་བར་བགྱི་ཞེས་ཞུས་པས། བཀའ་བསྩལ་པ། སེམས་འདི་ལྟར་བསྒོམ་པར་བྱའོ་ཞེས་ཏེ། དབང་པོ་རབ་ཀྱི་མི་དགེ་བ་དྲན་དུ་མི་འཇུག་པ་དང་། སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། སྣང་རིག་སྟོང་པར་བསྒོམ་པ་དང་སྤྲོས་བྲལ་དུ་འཇོག་པ་རྣམས་རིམ་པ་བཞིན་འདུས་བྱས་ཐམས་ཅད་མི་རྟག་པས་ཅི་ལ་ཡང་མ་ཆགས་པའི་བསྒོམ་པར་བྱའོ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་སྙིང་རྗེ་ཆེན་པོའི་འདུས་ཤེས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པས་དངོས་པོ་མེད་པའི་འདུས་ཤེས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བས་མི་དམིགས་པའི་འདུས་ཤེས་བསྒོམ་པར་བྱའོ། །ཞེས་གསུང་སྟེ་ཡིད་ཆེས་པར་བྱེད་པ་ཁུངས་སོ། །དགེ་བཤེས་རྗེ་ལུང་པ་ཆེན་པོའི་གདམས་པའོ། །

སྟོང་པ་སྒྲོན་མའི་སྙིང་པོ་ཅན། །
སྒྲོན་མ་རིག་པའི་སྙིང་པོ་ཅན། །
རིག་པ་འོད་ཀྱི་ཁང་པ་ཅན། །
འོད་མཐའ་མེད་ཡེ་ཤེས་ཀྱི་ཡུལ་ཅན་ནོ། །

ཨཱི་ཐཱི། བླ་མ་སྣར་ཐང་པའི་ཕྱག་དཔེ་ལས་བཙུན་པ་ཟེའུས་བྲིས་ཤིང་ཞུས་ཏེ་དག་པར་བྱས་སོ། །དམ་པས་བསྔགས་པའི་གནས་སྣར་ཐང་དུ་བྲིས་པའོ།། །།