Property:TibetanDescription

From Buddha-Nature

This is a property of type Text.

Showing 204 pages using this property.
&
རྒྱུད་བླ་འགྲེལ་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་འདི་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པ་སྟེ། ཤོག་གྲངས་ ༧༠༠ ཙམ་ཡོད་པས། ཕལ་ཆེར་རྒྱ་བོད་རྣམས་སུ་རྒྱུད་བླའི་འགྲེལ་པ་རྒྱས་ཤོས་ཡིན་པ་དང་། འགྲེལ་པ་འདིར་རྒྱུད་བླའི་བརྒྱུད་པའི་ལོ་རྒྱུས་དང་། དེ་བཞིན་མདོ་རྒྱུད་རྒྱ་འགྲེལ་དང་བོད་ཀྱི་མཁས་པའི་གཞུང་དང་མན་ངག་རྣམས་དྲངས་ཡོད་ཅིང་། རྔོག་ལོ་ཆེན་པོའི་བཤད་བརྒྱུད་དང་བཙན་གྱི་སྒོམ་ལུགས་ཟུང་འབྲེལ་བྱས་པ་དང་། ལྷག་པར་ཕྱག་ཆེན་དང་སྦྱར་ནས་བཤད་ཡོད་པ་ཡིན། བརྗོད་དོན་དབང་པོ་རབ་ལ་མཚན་དོན། འབྲིང་ལ་བསྡུས་དོན། མཐའ་མ་ལ་གཞུང་དོན་རྒྱས་པ་བཅས་ཕྱེ་ནས་བཀོད་ཡོད་པ་ཡིན།  +
A
གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པ་མཆོག་ནས་སྤྱི་ལོ་ ༡༩༨༦ ལོར་ཧོ་ལནཌ་རྒྱལ་ཁབ་དུ་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་བཤད་ཁྲིད་བསྩལ་གནང་བ།གསུང་སྒྱུར་བ་དགེ་རྒན་ཨེ་ལེཀ་ཟེན་ཌར་བེར་ཟིན་ནས་གནང་ཞིང་། རྒྱ་གར་ནས་བོད་དུ་བདེ་གཤེགས་སྙིང་པོའི་ཆོས་དར་ཚུལ་དང་། བོད་དུ་བདེ་གཤེགས་སྙིང་པོའི་དགོངས་པ་ལེན་ཚུལ་མི་འདྲ་བ་ཡོད་ཚུལ་དང་། རྒྱུད་བླ་མའི་རྩ་བའི་འགྲེལ་བཤད་རྣམས་གནང་ཡོད་པ་ཡིན།  +
B
དཔེ་དེབ་འདི་ནི། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་ཕྱོགས་བསྒྲིགས་བྱས་པའི་བོད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོའི་སྐོར་གྱི་རྩོམ་ཆོས་རྣམས་ཡོད་དེ། བུ་སྟོན་རིན་ཆེན་གྲུབ། རྗེ་རང་བྱུང་རྡོ་རྗེ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། རོང་སྟོན་ཤཱཀྱ་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བཀོད་དེ་བོད་དུ་གཤེགས་སྙིང་ཆོས་སྐོར་ཇི་ལྟར་དར་ཡོད་པ་དང་། གཤེགས་སྙིང་སྐོར་དགོངས་པ་ཇི་ལྟར་ལེན་ཡོད་པ་སོགས་བརྟག་ཞིབ་མཛད་དེ། དེང་དུས་མཁས་པའི་ཞིབ་འཇུག་དང་མཐུན་པའི་དབྱེ་ཞིབ་མཛད་པའི་འགོ་བརྗོད་དང་བཅས་ཡོད་པ་ཡིན།  +
གློ་བརྙན་འདི་ནི་ སྤྱི་ལོ་ ༢༠༠༣ ལ་ཨ་མི་རི་ཀའི་མངའ་སྡེ་ཀ་ལུ་ཕོར་ནི་ཡར་ སངས་རྒྱས་སྨན་ལྷའི་ཞིང་ཞེས་པའི་ཆོས་ཚོགས་སུ་ ཀིརྟི་མཚན་ཞབས་རིན་པོ་ཆེས་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་བཤད་ཁྲིད་གནང་བ་དང་། དབྱིན་སྐད་གསུང་འགྱུར་ སྐད་སྒྱུར་བ་བོ་ལ་ ཟར་པ་ནི་ཡིས་བྱས་པ་དང་། གསུང་ཆོས་མཇུག་གི་རིགས་འགའ་ སྐུ་ཤོགས་ཇོར་ཇི་ ཅུ་རི་ནོཕ་ནས་དབྱིན་སྐད་ཐོག་ཐད་ཀར་གནང་ཡོད་པ་ཡིན།  +
སྤྱི་ལོ་ ༢༠༠༤ ལ་ཀིརྟི་མཚན་ཞབས་རིན་པོ་ཆེ་ནས་ ཨ་མི་རི་ཀའི་མངའ་སྡེ་ཀ་ལི་ཕོར་ནི་ཡར་ སངས་རྒྱས་སྨན་ལྷའི་ཞིང་ཞེས་པའི་ཆོས་ཚོགས་སུ་ ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ལེའུ་དང་པོའི་བཤད་ཁྲིད་གནང་བ་དང་། བཤད་ཁྲིད་འདི་ཉིད་དབྱིན་སྐད་དུ་གསུང་འགྱུར་ སྐུ་ཞབས་ཚེ་གཡང་ནས་གནང་ཡོད་པ་ཡིན།  +
D
དེ་བཞིན་གཤེགས་པའི་སྙིང་པོའི་ཞིབ་འཇུག་ནི་ ཀན་སུ་མི་རིགས་སློབ་གྲྭ་ཆེན་མོར་ འབུམ་རམས་པའི་ལག་ཁྱེར་གྱི་རྩོམ་ཡིག་ཏུ་ རིན་ཆེན་རྡོ་རྗེ་ནས་སྤྱི་ལོ་ ༢༠༡༠ ལ་བརྩམས་པ་སྟེ། འདིར་བོད་བརྒྱུད་ཆོས་ལུགས་རྣམས་སུ་བདེ་གཤེགས་སྙིང་པོའི་དགོངས་པ་ལེན་སྟངས་དང་རྒྱ་ཡིག་དང་དེ་བཞིན་དེང་དུས་ནུབ་ཕྱོགས་མཁས་པའི་ཞིབ་འཇུག་ཡིག་ཆ་འགའ་ཡང་དྲངས་ནས་དེ་བཞིན་གཤེགས་པའི་སྙིང་པོའི་སྐོར་བསྟན་ཡོད་པ་ཡིན། This is a PhD dissertation on Buddha-Nature written in Tibetan by Rinchen Dorje in 2010 in Lanzhou, Gansu Province.  +
K
རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་། འགྲོ་བའི་རང་བཞིན་རྟག་ཏུ་སངས་རྒྱས་ཀྱང་། ། ཞེས་པའི་ཚིག་རྐང་གི་དགོངས་དོན་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༧ པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་ རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་སར་ནཐ་ཞེས་པར། སྤྱི་ལོ་ ༢༠༡༥ ལ་གསུངས་པ་དབྱིན་སྐད་ཀྱི་སྐད་འགྱུར་དང་བཅས་པ་བཀོད་ཡོད་པ་ཡིན།  +
སྤྱི་ལོ་ ༢༠༢༠ ཟླ་ ༩ པའི་ཚེས་ ༡༩ དགེ་བར་ཙ་འདྲ་གཞི་ཚོགས་ཀྱིས། དེ་བཞིན་གཤེགས་པའི་སྙིང་པོའི་སྐོར་སློབ་སྦྱོང་དང་ཞིབ་འཇུག་ལ་ཕན་པའི་དྲྭ་སྟེང་ཆོས་སྐོར་གྱི་ཆ་རྐྱེན་སྒོ་འབྱེད་ཀྱི་རྟེན་འབྲེལ་ལ། དཔལ་ ༧ རྒྱལ་བ་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས། བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་དང་། དེ་བཞིན་གཤེགས་པའི་སྙིང་པོའི་སྐོར་སྤྱིར་བཏང་དང་། ལྷག་པར་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་སྐོར་ཞིབ་འཇུག་དགོས་ལུགས་དང་། ཡོངས་གྲགས་ཀྱི་རང་སྟོང་གཞན་སྟོང་གི་རྩོད་པ་དང་འབྲེལ་བ་ཙམ་མིན་པར། ཐེག་ཆེན་དབུ་སེམས་གཉིས་ལས་ལོགས་སུ་གྱུར་པའི་དེ་བཞིན་གཤེགས་སྙིང་པོའི་གྲུབ་མཐའ་ཞེས་པའི་ཐ་སྙད་འཐད་ལུགས་དང་། བོད་བརྒྱུད་དང་རྒྱ་བརྒྱུད་ཀྱི་གཤེགས་སྙིང་གི་ལྟ་གྲུབ་ཕན་ཚུན་རིག་པ་བརྗེ་སོར་དགོས་ལུགས་སོགས་གསུངས་ཡོད།  +
སྤྱི་ལོ་ ༢༠༡༣ ལ་གནས་མཆོག་རྡོ་རྗེ་གདན་དུ་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༧ པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ནས་ཚོགས་མང་ལུ་བཀའ་ཆོས་གསུངས་སྐབས། དད་ལྡན་ནས་དྲི་བ་བཀོད་པའི་ལན་དུ་བདེ་གཤེགས་སྙིང་པོའི་ཉམས་ལེན་བྱེད་སྟངས་དང་། རྗེ་སྒམ་པ་པོ་ནས་རྣམ་རྟོག་ཆོས་སྐུར་གསུངས་པའི་དགོངས་དོན་གསལ་བཤད་གནང་ཡོད་པ་ཡིན།  +
འདིར་ འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་འགྲེལ་པ་གཞི་བཟུང་ནས། འབྲུག་ཀུར་སྟོད་སྟག་སྐད་ལའི་མཁན་པོ་ཟླ་བ་དཔལ་འབྱོར་ནས། སྤྱི་ལོ་ ༢༠༡༩ ལ་རིག་པ་བཤད་གྲྭའི་དོན་དུ་བཤད་ཁྲིད་བོད་སྐད་ཐོག་ཏུ་གནང་བ་དང་། དེ་དབྱིན་སྐད་ཐོག་སྐད་འགྱུར་བྱས་པ་དང་། བཤད་ཁྲིད་དང་འགྲེལ་པའི་དཔེ་ཆ་ལྷན་དུ་བསྒྲིགས་ནས་གཟིགས་ཐུབ་པ་བཅས་པ་ཡོད།  +
༄༅། །ངོ་བོ་སྟོང་པའི་ཆ་བརྗོད་བྱའི་གཙོ་བོར་བྱས་པ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཆ་བརྗོད་བྱའི་གཙོ་བོར་བྱས་པ་སྟེ་ཡང་གསལ་བར་བརྗོད་ན་སྟོང་ཉིད་མེད་དགག་དང་མ་ཡིན་དགག་ཏུ་སྨྲ་བའི་ཁྱད་པར་རོ། །ཁ་ཕྱི་བལྟས་དང་ནང་བལྟས་ཀྱི་བཤད་ཚུལ་དཔྱད་པ་དང་སྒོམ་པའི་དོན་གཉིས་སུ་སོང་བ་ཡིན་ནོ་ཞེས་རྒྱུད་འགྲེལ་སེངྒེའི་ང་རོ་ལས་༧རྗེ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་གསུངས་པ་ལྟར་ཡིན། བཤད་ཚུལ་གཉིས་པོ་དེ་ལ་བོད་གངས་ཅན་གྱི་ལྗོངས་སུ་དབུ་མ་རང་སྟོང་དང་དབུ་མ་གཞན་སྟོང་ཞེས་གྲགས་ཤིང་། དེ་དག་བོད་སྟོན་རྣམས་ཀྱིས་རང་བཟོར་བྱས་པ་ཡང་མ་ཡིན་ཞིང་གོང་གསལ་གནས་སྐབས་སྤྲོས་པ་གཅོད་པའི་ངེས་དོན་དང་། མཐར་ཐུག་གནས་ལུགས་དོན་དམ་གཏན་ལ་དབབ་པའི་ངེས་དོན་དུ་གནས་པ་འཁོར་ལོ་བར་མཐའ་གསུང་རབ་དགོངས་འགྲེལ་དང་བཅས་པའི་གསུང་སྒྲོས་ཉིད་ལ་གཞན་སྟོང་ཞེས་པའི་མིང་བླ་དྭགས་སུ་བཏགས་པ་ཡིན་ནོ། །  +
M
སེར་རྟ་བླ་རུང་སྒར་གྱི་མཁན་པོ་བསོད་དར་རྒྱས་ནས་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་བཤད་ཁྲིད་གནང་བ་སྟེ། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་འགྲེལ་པ་ལ་བརྟེན་ནས་སློབ་གཉེར་མཁན་ལ་སློབ་བཤད་དང་། ཉམས་ལེན་པར་མན་ངག་ཟུང་འབྲེལ་དུ་གསུངས་ཤིང་། མཁན་པོས་རྒྱ་ནག་གི་སྐད་དུ་གནང་བ་དང་ལྷན་ཅིག་ཏུ་དབྱིན་སྐད་དུ་སྐད་འགྱུར་བྱས་ཡོད་པ་ཡིན།  +
R
༅༅། །བཅོམ་ལྡན་འདས་ཀྱིས། སེམས་ཅན་ཐམས་ཅད་ནི་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ། །ཞེས་གསུངས་པའི་སྙིང་པོའི་དོན་ཉིད་བཤད་གཞིར་བྱས། དེ་འཆད་པའི་ཚུལ་ལ་མི་འདྲ་བ་མཐའ་ཡས་ཀྱང་། ངེས་དོན་དབུ་མའི་སློབ་དཔོན་རྣམས་འདི་ལྟར་བཞེད་དེ། ཆོས་འཁོར་རྣམ་པ་གསུམ་ཀའི་ངེས་དོན་ཇི་སྙེད་པ་ནི་བདག་མེད་པ་གཉིས་སུ་འདུ། དེའི་དོན་མཐར་གཏུགས་ན་གང་ཟག་གི་དབང་དུ་བྱས་པ་དང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡིན་ལ། སྟོང་ཚུལ་མེད་པཪ་དགག་པ་ཙམ་མ་ཡིན་པཪ། མ་ཡིན་པར་དགག་པའི་སྟོང་པ་རང་རིག་རང་གསལ་གྱི་ངོ་བོ་ལ་སྐབས་འདིར་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྟན་པཪ་མཛད་ཅིང་། དེ་ཉིད་ངེས་པའི་དོན་གྱི་རྡོ་རྗེ་ཡིན་ལ། རྡོ་རྗེ་དེ་ཉིད་གནས་སྐབས་ཀྱི་དབྱེ་བས་གསུམ་དུ་འགྱུར་ཏེ། གློ་བུར་གྱི་དྲི་མ་མ་དག་པ་འཁོར་བའི་གནས་སྐབས་སུ་སེམས་ཅན་དུ་བརྗོད་ཅིང་དབྱིངས་དེ་ལའང་རིགས་སམ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ། དག་པ་དང་མ་དག་པ་གཉིས་ཀ་ལྡན་པའི་སྐབས་སུ་ལམ་ཞུགས་ཀྱི་གང་ཟག་ཏུ་བརྗོད་ཅིང་དབྱིངས་ཀྱི་ལྡོག་ཆ་ནས་ཆོས་དང་དགེ་འདུན་དུ་འགྱུར་ཏེ། དཔེར་ན་མཐོང་ལམ་གྱི་ཡེ་ཤེས་ཙམ་ལྡོག་ནས་དགེ་འདུན་དང་། བར་ཆད་མེད་པའི་ལམ་གྱི་ཆ་ནས་ལམ་དང་། རྣམ་པར་གྲོལ་བའི་ལམ་ཁྱད་པར་དང་བཅས་པའི་ཆ་ནས་འགོག་པའི་བདེན་པའོ། །ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་སྐབས་སུ་བདེ་བར་གཤེགས་པ་སོགས་བརྗོད་ཅིང་དབྱིངས་དེའང་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལ་ལྡོག་པའི་ཕྱེ་ན་བྱང་ཆུབ་དང་། ཡོན་ཏན་དང་། ཕྲིན་ལས་ཏེ་གསུམ་མོ། །དེ་ལ་ནང་གསེས་ཀྱི་དབྱེ་བས་རྡོ་རྗེ་གནས་བདུན་དུ་འགྱུར་རོ། །དེས་ན་བསྟན་བཅོས་འདིའི་བསྟན་བྱའི་གཙོ་བོ་དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཡིན་པ་དང་། དེ་ལ་འཁོར་ལོ་གསུམ་གྱི་ངེས་དོན་མཐའ་དག་བསྡུ་བ་ཤེས་པར་བྱས་ནས། སྙིང་པོ་དེའང་གང་ཡིན་སྙམ་ན་སྤྱིར་གསུང་རབ་རྣམས་ལས་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དང་། སེམས་ཀྱི་རང་བཞིན་འོད་གསལ་བ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའམ་སེམས་ཅན་ཏེ་རྣམ་པ་བཞི་ལ་བཤད་དོ། །  +
T
རི་བོ་དགའ་ལྡན་པའི་རྒྱུད་སྨད་མཁན་ཟུར་བློ་བཟང་བྱམས་པ་རིན་པོ་ཆེ་ནས། སྤྱི་ལོ་ ༢༠༡༦ ལ་ཨ་མི་རི་ཀའི་མངའ་སྡེ་ནིཝ་ཇེར་སིར་ ཐེག་ཆེན་མདོ་རྒྱུད་ཆོས་ཚོགས་ལ་ ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་བཤད་ཁྲིད་བསྩལ་བ། མཁན་རིན་པོ་ཆེ་ནས་བོད་སྐད་ཐོག་གནང་བ་དབྱིན་སྐད་སྐད་འགྱུར་དང་བཅས་པ་ཡོད་པ་ཡིན།  +

མདོ་འདི་ནི་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ། ཚེ་དང་ལྡན་པ་ཤ་རིའི་བུས་གཙོས་པའི་འཁོར་རྣམས་ལ་སེམས་ཅན་གྱི་ཁམས་ལ་འགྲིབ་པ་དང་འཕེལ་བ་མེད་པའི་སྐོར་གསུངས་པ་སྟེ། བོད་སྐད་དུ་འགྱུར་མེད་ཅིང་། རྒྱ་ནག་གི་སྐད་དུ་ལོ་ཙཱ་བ་བོ་དྷི་རུ་ཅིས་སྤྱི་ལོ་ ༥༢༠ ལ་བསྒྱུར། འདིའི་བརྗོད་དོན་གཙོ་བོ་སེམས་ཅན་གྱི་ཁམས་འཕེལ་བ་དང་འགྲིབ་ཡོད་པར་འཛིན་པའི་ལྟ་བ་ལོག་པ་རྣམས་བསལ་ནས། ངེས་དོན་བདེ་གཤེགས་སྙིང་པོའམ་ཆོས་ཀྱི་སྐུའི་གནས་ལུགས་ཇི་ལྟ་བ་བཞིན་དུ་བསྟན་ཏེ་ཡོད། བོད་སྐད་དུ་མདོ་ཡོངས་རྫོགས་འགྱུར་མེད་ཀྱང་ཐེག་པ་ཆེན་པའི་བསྟན་བཅོས་རྒྱུད་བླ་མའི་རྣམ་བཤད་དུ་རྡོ་རྗེའི་གནས་བདུན་གྱི་ནང་གསེས་གནས་བཞི་པ་དང་དྲུག་པའི་ལུང་ཁུངས་སུ་མདོ་འདི་ཉིད་ཀྱི་དྲངས་ཡོད་པ་ཡིན།  +
འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བའི་རྒྱན་ཅེས་བྱ་བའི་མདོ་འདི་ནི། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་ཁང་བཟང་ན་སེངྒེའི་ཁྲི་ལ་བཞུགས་ཏེ། ཞུ་བ་པོ་གཙོ་བོ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་གསུངས་པ་སྟེ། བརྗོག་བྱ་སངས་རྒྱས་ལ་སྐྱེ་མི་སྐྱེ་ལ་སོགས་རྣམ་པར་རྟོག་པ་མེད་པ་དང་། སངས་རྒྱས་དང་སེམས་ཅན་གྱི་རང་བཞིན་ཆོས་ཀྱི་དབྱིངས་མཉམ་པ་དང་། སེམས་དང་བྱང་ཆུབ་ཀྱི་རང་བཞིན་འོད་གསལ་བ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པས་མ་བསྒྲིགས་པ་དང་། བསྟན་བཅོས་རྒྱུད་བླ་མར་དྲངས་པའི་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་དཔེ་དགུ་ ལྷ་དབང་། རྔ་བོ་ཆེ། སྤྲིན། ཚངས་པ། ཉི་མ། ནོར་བུ། བྲག་ཆ། ས་དང་། ནམ་མཁའ་བཅས་མདོ་འདིར་བསྟན་ཡོད་ཅིང་། མདོ་འདིའི་ཕན་ཡོན་ཡང་མང་དུ་བརྗོད་ཡོད་པ་ཡིན།  +
གསུང་རྩོམ་འདི་ནི་ཀརྨ་པ་སྐུ་ཕྲེང་ ༨ པ་མི་བསྐྱོད་རྡོ་རྗེས་མཛད་པ་སྟེ། འདིའི་ནང་དུ་གཞི་ཁམས་བདེ་གཤེགས་སྙིང་པོ་གཙང་བདེ་རྟག་བདག་གི་རང་བཞིན་ཅན་འདི་ཉིད་ངེས་དོན་མཐར་ཐུག་པ་དང་། གློ་བུར་གྱི་སྒྲིབ་མ་རྣམས་ཀྱི་སྟོང་ཀྱང་རང་གི་ངོ་བོས་མི་སྟོང་པའི་ཚུལ་གསུངས་ཡོད་ཅིང་ རྩོད་ལེན་ལྟ་བུའི་དགག་བཞག་དང་རྩོད་སྤོང་མཛད་ཡོད་པ་དང་། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་བདེ་གཤེགས་སྙིང་པོ་དང་སངས་རྒྱས་ས་ལ་ཡོད་པའི་ཆོས་སྐུ་དེ་ངོ་བོ་ལ་ཁྱད་པར་མེད་པར་འདོད་པ་དང་། བདེ་གཤེགས་སྙིང་པོ་བསྟན་པའི་མདོ་དང་བསྟན་བཅོས་རྣམས་དྲང་བའི་དོན་བསྟན་པར་འདོད་པ་མི་རུང་བའི་ཚུལ་རྣམས་གསུངས་ཡོད་པ་ཡིན།།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ངེས་དོན་རབ་གསལ་སྣང་བ་ནི། ས་བཟང་མ་ཏི་པཎ་ཆེན་འཇམ་དབྱངས་བློ་གྲོས་རྒྱལ་མཚན་གྱིས་ས་སྐྱའི་ཆོས་གྲྭ་ཆེན་པོར་བརྩམས་པ་སྟེ། པཎ་ཆེན་འདིས་རྒྱུད་བླའི་འགྱུར་ཡང་རྒྱ་དཔེ་ལ་གཏུགས་ནས་ལེགས་བཅོས་བྱས་ཡོད་པ་དང་། འདིར་རྒྱུད་བླ་མའི་དགོངས་པ་དབུ་མ་གཞན་སྟོང་གི་དབང་དུ་བཀྲལ་ནས། གཞི་ཁམས་བདེ་གཤེགས་སྙིང་པོ་ལ་་གློ་བུར་གྱི་སྒྲིབ་མས་མ་གོས་ཤིང་། སངས་རྒྱས་ཀྱི་བྲལ་བ་དང་སྨིན་པའི་ཡོན་ཏན་རང་ཆས་སུ་ཡོད་པར་འདོད་དེ། སེམས་ཉིད་འོད་གསལ་ ངེས་དོན་དོན་དམ་དུ་བསྟན་ཡོད་པ་ཡིན།  +
རྒྱུད་བླ་མའི་རྣམ་བཤད་སྔོན་མེད་ཉི་མ་སོགས་ཆོས་ཚན་བཞི་ནི། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་སྔོན་མེད་ཉི་མ་དང་། སངས་རྒྱས་ཀྱི་སྙིང་པོའི་རྣམ་བཤད་མདོ་རྒྱུད་སྙིང་པོ། བདེན་པ་གཉིས་ཀྱི་བཞག་ཚུལ་རྣམ་པར་ངེས་པའི་བསྟན་བཅོས་དང་། དང་པོའི་སངས་རྒྱས་གྲུབ་པའི་གཞུང་གི་བརྒལ་ལན་བཅས་བཞི་ཡོད་ཅིང་། དེ་དག་གི་ནང་དུ་བདེན་པ་གཉིས་དང་། བཀའ་འཁོར་ལོ་གསུམ་དང་། རིགས་དང་དེ་བཞིན་གཤེགས་པའི་སྙིང་པོའི་སྐོར་བཞེད་པ་ཐུན་མོང་མིན་པ་བཀོད་ཡོད་པ་ཡིན།  +
འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་འདི་ནི། ཐེག་པ་ཐུན་མོང་བའི་མྱ་ངན་ལས་འདས་པའི་མདོ་མིན་པར་ཐེག་པ་ཆེན་པོའི་དོན་དུ་མ་སྟོན་པའི་མདོ་ཆེ་བ་ཞིག་སྟེ། འདི་ཉིད་རྒྱ་ནག་སྐད་དུ་འགྱུར་ནས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་གལ་ཅན་ཞིག་ཏུ་བཟུང་བ་དང་། བོད་སྐད་དུ་རྒྱ་གར་དང་རྒྱ་ནག་གི་སྐད་གཉིས་ཀ་ནས་འགྱུར་ཡོད་ཅིང་། དེའི་བསྟན་དོན་སངས་རྒྱས་མྱ་ངན་ལས་འདས་ཉེ་བ་ན། འགྲོ་བ་མང་དུ་འཛོམས་ནས་མཆོད་པ་ཕུལ་ཡང་ཐུབ་པས་དགེ་བསྙེན་ཅུན་དའི་མཆོད་པ་བཞེས་ནས། སློབ་ཚོགས་ལ་ཆོས་གསུངས་པ་སྟེ། ཐེག་པ་ཆེན་པོའི་རྣམ་གཞག་དེ་བཞིན་གཤེགས་པའི་ཁམས་དང་། ཆོས་ཀྱི་སྐུ་རྟག་བདེ་གཙང་བདག་གི་རང་བཞིན་ཡིན་པ་དང་། བདག་མེད་པ་དང་བདག་ཡོད་པར་སྟོན་པའི་དོན་དང་། དེ་བཞིན་གཤེགས་པའི་ཁམས་དེ་གློ་བུར་གྱི་སྒྲིབ་མས་བསྒྲིབས་ནས་ཡོད་པ་དང་། ཡོན་ཏན་རྣམས་རང་ཆས་སུ་མེད་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་བསྒྲུབ་ནུས་པ་སོགས་བསྟན་ཡོད་པ་ཡིན།  +
ལྷག་པའི་བསམ་པ་བསྟན་པའི་ལེའུ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མདོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ་འདུལ་བའི་ཕྱིར་དུ་བྱ་རྒོད་ཕུང་པོའི་རིར་གསུངས་པ་སྟེ། འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ཆོས་ཐམས་ཅད་སྟོང་པ་ཉིད་དང་དམིགས་སུ་མེད་པར་བསྟན་ནས། སྤང་བླང་སོགས་གཉིས་སུ་བྱར་མེད་པས་སེམས་ཀྱི་འཛིན་པ་ཆོད་པ་དེ་ཡིན། ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་རྣམ་བཤད་དུ་རྡོ་རྗེའི་གནས་དང་པོ་དཀོན་མཆོག་གསུམ་བསྟན་པའི་ཁུངས་སུ་དྲངས་ཡོད།  +
ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ནི། འཇིག་རྟེན་གྱི་ཁམས་བཀོད་པ་ཆེན་པོ་ནས་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་བསྩལ་བ་སྟེ། ཐེག་པ་ཆེན་པོའི་བརྗོད་དོན་བསྟན་ཀྱང་། བདེ་གཤེགས་སྙིང་པོ་ཚིག་གིས་ཟིན་ནས་གསུངས་མེད། སངས་རྒྱས་ཀྱི་ཆོས་ནམ་མཁའ་ལྟ་བུ་ཡིན་པ་སོགས་ཐེག་པ་ཆེན་པོའི་རྒྱུད་བླ་མར་བཀོད་པའི་དོན་འགའ་ཞིག་མདོ་འདིར་གསུངས་ཡོད་པ་ཡིན།  +
དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་ནི། བཅོད་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཞི་བཅུ་ལ། བྱ་རྒོད་ཕུང་པོའི་རི་ལ་བཞུགས་པའི་སྐབས་གསུངས་པ་སྟེ། བརྗོད་བྱའི་གཙོ་བོ་མཐར་ཐུག་ཐེག་པ་གཅིག་ཡིན་པར་བསྟན་ཏེ། ཉན་ཐོས་དང་རང་རྒྱལ་གྱི་ཐེག་པ་བསྟན་པ་རྣམས་གནས་སྐབས་དྲང་བའི་དོན་དུ་གསུངས་པ་ལས། དོན་ལ་ལམ་ལ་བཞུགས་པའི་གང་ཟག་ཐམས་ཅད་རིམ་གྱིས་ཐེག་པ་ཆེན་པོའི་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགྲོ་དགོས་པར་གསུངས་པ་དང་། དེ་ཡང་ཁྱིམ་མེ་འཚིག་པའི་ནང་གི་བྱིས་པ་རྣམས་ལ་ར་དང་རྟ་དང་གླང་པོའི་ཤིང་རྟ་སྦྱིན་པའི་དཔེའི་སྒོ་ནས་གསུངས་ཡོད་པ་དང་། ཉན་ཐོས་ཤཱ་རིའི་བུ་དང་། འོད་སྲུང་། ཀུན་དགའ་བོ། དགྲ་གཅན་འཛིན་ལ་སོགས་པ་ཡང་མ་འོངས་པར་སངས་རྒྱས་པའི་ལུང་བསྟན་བརྩལ་བ་དང་། མདོ་སྡེ་ཐོས་པ་སོགས་ཀྱི་ཕན་ཡོན་མང་དུ་བསྟན་ཡོད། མདོ་འདི་ལེགས་སྦྱར་གྱི་སྐད་དང་། རྒྱ་ནག་གི་སྐད་དང་བོད་སྐད་དུ་བཞུགས་ཡོད་ཅིང་། མདོ་འདི་རྒྱ་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་ཇ་པན་གྱི་ནང་ཆོས་ལ་ཤིན་ཏུ་རྩ་ཆེར་འཛིན།  +
མཁས་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་བདེ་གཤེགས་སྙིང་པོ་གསལ་བའི་རྒྱན་ནི། གཤེགས་སྙིང་བསྟན་པའི་མདོ་དང་། བསྟན་བཅོས་རྒྱུད་བླ་མ་སོགས་ལ་ཁུངས་བཅོལ་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐེར་ཟུག་བདེན་པར་གསུངས་པ་དང་། སངས་རྒྱས་ཀྱི་མཚན་དཔེའི་ཡོན་ཏན་སོགས་རང་ཆས་སུ་ཡོད་པར་གསུངས་རྣམས། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་དྲང་བའི་དོན་དུ་གསུངས་པར་གྲུབ་ཡོད་པ་ཡིན།  +
དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ནི། མཉམ་ཉིད་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་ནམ་ཆོས་རྗེ་སྒམ་པོ་པས་མཛད་པའི་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་ལ་གྲགས་ཆེ་ཞིང་ཉམས་ལེན་གྱི་གཞུང་གཙོ་བོར་གྱུར་པའི་ལམ་རིམ་གྱི་དཔེ་ཆ་ཞིག་སྟེ། འདིའི་བརྗོད་དོན་ནི་རྒྱུ་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་ནི་བཤེས་གཉེན་གྱི་གདམས་པ། འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་། དེ་ལས་རྟོག་པ་མེད་པའི་འཕྲིན་ལས་བྱུང་ཚུལ་སྟེ། སངས་རྒྱས་སྒྲུབ་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཡོངས་རྫོགས་བསྟན་ཡོད་པ་ཡིན།  +
སྡེ་སྣོད་བཅུད་བསྡུས་ཀྱི་མན་ངག་ཅེས་པ་དཔལ་སྣར་ཐང་གི་གདན་རབས་ ༧ སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱི་གསུང་ཆོས་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བསྟན་པའི་མན་ངག་ཞིག་སྟེ། ཐོག་མར་དལ་འབྱོར་རྙེད་དཀའ་དང་། ཚེ་མི་རྟག ལས་རྒྱུ་འབྲས་ནས་བརྩམས་ཏེ། སྐྱབས་འགྲོ་ཚུན་སྐྱེས་བུ་ཆུང་ངུའི་ལམ་དང་། དེ་ནས་འཁོར་བའི་ཉེས་དམིགས་ཤེས་ཏེ་ཐར་པ་འདོད་པ་ཉན་ཐོས་དང་རང་རྒྱལ་གྱི་ཐོས་བསམ་སྒོམ་པའི་ཉམས་ལེན་སྐྱེས་བུ་འབྲིང་གི་ལམ་དང་། དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པའི་སེམས་བསྐྱེད་ཀྱི་ཉམས་ལེན་དང་། སེམས་ཀྱི་རྟོག་པ་ཉེ་བར་ཞི་ཞིང་། རྟོག་མེད་སེམས་ཀྱི་རང་བཞིན་འོད་གསལ་བ་སྤྲོས་པའི་མཐའ་དང་བྲལ་བ་སྒོམ་པ་བྱང་ཆུབ་སེམས་དཔའི་ཆོས་སྐྱེས་བུ་ཆེན་པོའི་ལམ་བསྟན་ཡོད། དེ་ཡང་དཔལ་སྣར་ཐང་གི་གདན་སར་སྐྱིད་ལྡེ་ཉི་མ་མགོན་གྱི་དབེད་བརྒྱུད་བསོད་ནམས་དར་ནས་བཀའ་མཆིད་རྟེན་དང་བཅས་པར་འབྱོར་བ་དང་། མགོན་ལྡན་འོད་དང་ཡོན་ཏན་འོད་ཀྱི་བསྐུལ་བའི་ངོར་བརྩམས་པ་ཡིན།།  +
གཞན་སྟོང་སྙིང་པོ་ནི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ཆོས་ལུང་བྱང་རྩེའི་དབེན་གནས་སུ་མཛད་པ་སྟེ། འདིར་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་གྱི་འགོ་བརྩམས་ནས། ཐེག་ཆེན་ཐེག་དམན། གྲུབ་མཐའ་བཞིའི་རྣམ་གཞག་མདོར་བསྡུས་དང་། དེ་བཞིན་དབུ་མ་ཕལ་པ་དང་ དབུ་མ་ཆེན་པོའི་ཁྱད་པར་གསུངས་ཤིང་། དེའི་རྗེས་སུ་རང་སྟོང་དང་གཞན་སྟོང་གི་ཁྱད་པར་དང་། སེམས་ཙམ་བསྟན་པའི་མདོ་དང་། གཞན་སྟོང་རྣམ་རིག་དབུ་མ་བསྟན་པའི་མདོ་སོགས་དང་། གནས་ལུགས་མཐར་ཐུག་གཞན་སྟོང་འཐད་ཀྱི། རང་སྟོང་མི་འཐད་པའི་སྐོར་དང་ སྟོང་ཉིད་ཡིན་ན་བདེན་མེད་ཡིན་མི་དགོས་པ་སོགས་གསུངས་སོ།།  +
ཆོས་དང་ཆོས་ཉིད་རྣམ་འབྱེད་ནི། རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པར་གྲགས་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཏེ། འདིའི་བསྟན་དོན་གཙོ་བོ་ཆོས་ཅན་དང་ཆོས་ཉིད་རྣམ་པར་ཕྱེ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་གཏན་ལ་ཕབ་པ་དང་། འདིར་རང་བཞིན་གསུམ་གྱི་རྣམ་གཞག་བཤད་ཡོད་ཅིང་། གཞུང་འདི་ཉིད་རྒྱལ་ཚབ་བྱམས་པས་ཐོགས་མེད་ལ་གསུངས་པ་ནས་དུས་རིང་པོར་མཐོང་བའི་སྤྱོད་ཡུལ་དུ་མ་གྱུར་ཀྱང་། ཕྱིས་སུ་མངའ་བདག་མེེ་ཏྲི་པས་མཆོད་རྟེན་གྱི་གསེབ་ནས་བསྟན་བཅོས་རྒྱུད་བླ་མ་དང་ཆོས་དང་ཆོས་ཉིད་རྣམ་འབྱེད་གཉིས་རྙེད་དེ་དར་ཁྱབ་མཛད་པར་གྲགས།  +
ཇོ་ནང་པ་ཆེན་པོ་དོལ་པོ་སངས་རྒྱས་ནས་བརྩམས་པའི་བརྒལ་ལན་དཔོན་བྱང་པའི་ཕྱག་ཏུ་ཕུལ་བའི་ཆོས་ཀྱི་ཤན་འབྱེད་ཅེས་པ་ནི། སྔོན་དཔོན་བྱང་པ་ནས་རྩོད་ཡིད་གསེར་སྲང་གཅིག་གི་རྟེན་དང་བཅས་པ་འབྱོར་ཞིང་། ཡིན་ལུགས་དཔྱོད་པའི་དགག་ལེན་དགོས་པའི་སྐུལ་མ་དང་བསྟུན། ལྟ་བ་རང་སྟོང་དང་གཞན་སྟོང་ལས་བརྩམས་པའི་རྩོད་ལན་ཞིག་ཡིན། འདིའི་བརྗོད་བྱ་གཙོ་བོ་ བོད་ཀྱི་མཁས་པ་འགའ་ནས་བཤད་པའི་ལྟ་བ་རང་གིས་ངོ་བོས་སྟོང་པའི་རང་སྟོང་ཙམ་ངེས་པའི་དོན་མིན་པར། སྦྱང་གཞི་བདེ་གཤེགས་སྙིང་ངོ་བོ་རྟག་པ། བརྟན་པ། གཡུང་དྲུང་། ཐེར་ཟུག་་ཡོངས་གྲུབ་དེ་རང་གི་ངོ་བོས་སྟོང་པ་མིན་པར་ཆོས་ཅན་གློ་བུར་བའི་ཆོས་གཞན་ཀུན་བཏགས་དང་གཞན་དབང་གིས་སྟོང་པར་བཞེད་པ་དེ་ཡིན་ཅིང་། དེའི་རྒྱབ་ཁུངས་དུ་འཁོར་ལོ་མཐའ་མའི་མདོ་དང་རྒྱུད་སྡེ། དེ་བཞིན་སེམས་འགྲེལ་དང་རྒྱུད་བླ་སོགས་ཀྱི་ལུང་རྒྱ་ཆེར་དྲངས་ནས་བསྒྲུབས་ཡོད། དཔེ་འདི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་དང་འཛམ་ཐང་དུ་བཞུགས་པ་ལས་ཕབ་པ་ཡིན།།  +
དཔལ་དུས་ཀྱི་འཁོར་ལོའི་ཆོས་བསྐོར་གྱི་བྱུང་ཁུངས་ཉེར་མཁོ་ནི། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པ་སྟེ། ཐེག་དམན་ནས་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་ཕྱི་རྒྱུད་ནང་རྒྱུད་སོགས་ཀྱི་ལྟ་སྤྱོད་ཀྱི་ཁྱད་པར་དང་། དེ་དག་བསྟན་པའི་མདོ་དང་རྒྱུད་སོགས་བཀོད་ཅིང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཐོག་མར་སྟོན་པས་གསུངས་པའི་ཚུལ་དང་། དེ་ནས་རིམ་པར་ཤམ་བྷ་ལར་དར་ཚུལ་དང་། དེ་ནས་རྒྱ་གར་དང་རིམ་པར་བོད་དུ་དར་ཚུལ། བོད་དུ་རིམ་པར་བརྒྱུད་པའི་ཚུལ། གཙོ་བོ་བྲོ་ལུགས་དང་ཇོ་མོ་ནང་པའི་ཆོས་བརྒྱུད་ནང་དར་ཚུལ་བཀོད་ཡོད་པ་ཡིན།  +
ཕྱག་རྒྱ་ཆེན་པོ་གསལ་བར་བྱེད་པའི་བསྟན་བཅོས་ཚངས་པའི་འཁོར་ལོས་གཞན་བློའི་དྲེགས་པ་ཉམས་བྱེད་ནི་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་གཞུང་ཐུང་གསུམ་གྱི་ཡ་གྱལ་ཏེ། འདིའི་ནང་དུ་སེམས་ཀྱི་འོད་གསལ་བ་ཉིད་གཞི་ཁམས་བདེ་གཤེགས་སྙིང་པོ་ཡིན་པ་དང་། དེ་ཡང་དབུ་མ་རིགས་ཚོགས་སོགས་ནས་གཏན་ལ་ཕབ་པའི་སྟོང་ཉིད་མེད་པར་དགག་པ་ཙམ་དེ་མིན་པར། བཀའ་མཐའ་མ་དང་བྱམས་ཆོས་ནས་བསྟན་པའི་ཆོས་ཉིད་དེ་ཡིན་པ་དང་། དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ཞིང་། གཞི་དུས་མ་དག་པ། ལམ་དུས་ཕྱོགས་ཙམ་དག་པ་དང་། འབྲས་བུའི་དུས་སུ་ཤིན་ཏུ་དག་པ་སོགས་བསྟན་ཡོད་པ་ཡིན།  +
ཆོས་ཀྱི་འཁོར་ལོ་ལེགས་པར་གཏན་ལ་ཕབ་པ་ཐེག་པ་ཆེན་པོའི་ཚུལ་འོང་གེས་ཞུས་པ་ནི། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་གསུང་བཤེས་གཉེན་འོང་གེས་ཞུས་པ་སྟེ། འདི་ཡི་བསྟན་དོན་སྟོན་པ་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་ཇི་ལྟར་བྱོན་པའི་ཚུལ་དང་། སྟོན་པས་ཡུལ་ཝ་ར་ཎ་སིར་གསུངས་པ་བཀའ་དང་པོ་བདེན་པ་བཞིའི་ཆོས་སྐོར་དང་། དེ་ནས་ཡུལ་རྒྱལ་པོའི་ཁབ་སོགས་སུ་གསུངས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མཐར་ཡུལ་རྩ་མཆོག་གྲོང་སོགས་སུ་མྱ་ངན་ལས་འདས་པའི་མདོ་སོགས་ཀྱི་སྒོ་ནས་གཙང་བདེ་རྟག་བདག་གི་གནས་ལུགས་སྙིང་པོའི་སྐོར་གསུངས་པ་བཀའ་འཁོར་ལོ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བ་རྣམས་བསྟན་ཡོད་པ་དང་། བཀའ་མཐའ་མའི་དགོངས་འགྲེལ་བསྟན་བཅོས་རྒྱུད་བླ་མ་ལ་བསྟོད་ཡོད་པ་ཡིན།  +
དབུ་མ་ལ་འཇུག་པའི་རྣམ་བཤད་དཔལ་ལྡན་དུས་གསུམ་མཁྱེན་པའི་ཞལ་ལུང་དྭགས་བརྒྱུད་གྲུབ་པ་ཤིང་རྟ་ནི། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འགྲེལ་ཆེན་ཞིག་སྟེ། འདིར་དབུ་མའི་ཆོས་ཚུལ་དོན་གྱི་དབུ་མ་བརྒྱུད་པའི་ལོ་རྒྱུས་དང་། གཞུང་འདིའི་ཀླག་ལུང་དང་འབྲུ་སྦྱོར་གྱི་བརྒྱུད་པ། མདོ་སྔགས་ཀྱི་དབུ་མའི་ཁྱད་པར་ལ་མཁས་པ་སོ་སོའི་བཞེད་པ་ལ་དགག་བཞག དེ་ནས་གཞུང་གི་ཚིག་དོན་གྱི་འགྲེལ་པ་རྒྱ་ཆེར་མཛད་དེ། དབུ་མའི་དོན་དང་དྲང་ངེས་ཀྱི་རྣམ་གཞག བདེ་གཤེགས་སྙིང་པོ་གསལ་སྟོང་འོད་གསལ་བའི་རང་བཞིན་སོགས་གཏན་ལ་ཕབ་ཡོད་པ་ཡིན།  +
འཕགས་པ་སྤྲིན་ཆེན་པོའི་མདོ་འདི་ནི། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་འཁོར་དགེ་སློང་། དགེ་སློང་མ། བྱང་ཆུབ་སེམས་དཔའ་དང་འགྲོ་བའི་རིགས་མང་པོར་གསུངས་པ་སྟེ། ཞུ་བ་པོ་གཙོ་བོ་ནི་བྱང་ཆུབ་སེམས་དཔའ་སྤྲིན་ཆེན་པོའི་སྙིང་པོ་དང་། གཞན་ཡང་ལྷོ་མོ་དྲི་མ་མེད་པ་སོགས་ཡོད་པ་ཡིན། མདོ་འདིར་ཆོས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་མང་དུ་བཀོད་ཡོད་ཀྱང་། ཕལ་ཆེ་བར་མཚན་ཙམ་སྨོས་པ་ལས་བརྗོད་དོན་བཀོད་མེད། མདོ་འདིར་ཆོས་རྒྱལ་མྱ་ངན་མེད་པའི་ལུང་བསྟན་དང་། ལྷས་སྦྱིན་སོགས་ཀྱང་ཐབས་ལས་མཁས་པའི་ཚུལ་ཙམ་ལས་དོན་ལ་ཉེས་པ་ཅན་མ་ཡིན་པར་གསུངས་ཡོད་པ་དང་། དེ་བཞིན་ལྷ་མོ་དྲི་མ་མེད་པ་རང་དབང་དུ་ཐབས་ཀྱི་ལུས་འཛིན་པའི་སྐོར་དང་། དེ་བཞིན་གཤེགས་པ་རྟག་པ། བརྟན་པ། ཐེར་ཟུག་དང་ ཞི་བའི་རང་བཞིན་ཡིན་པར་གསུངས་ཡོད་པ་ཡིན།  +
རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པར་གྲགས་པའི་ཤེས་རབ་ཁྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ནི། ཤེར་ཕྱིན་མདོ་རྣམས་ཀྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཏན་ལ་ཕབ་ཅིང་། གཞུང་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་འདི་ནི་བོད་དང་ཧི་མ་ལ་ཡའི་ཆོས་སྡེ་རྣམས་སུ་གཞུང་ཆེན་གྱི་གྲལ་དུ་བཞག་སྟེ། རྩ་བའི་སློབ་ཚན་གྱི་ཚུལ་དུ་སློབ་གཉེར་བྱེད་ཡོད་པ་ཡིན།  +
བདེ་གཤེགས་སྙིང་པོའི་བཀྲ་ཤིས་ནི། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པ་སྟེ། མདོ་རྒྱུད་ཀུན་གྱི་དགོངས་དོན་དང་ རྒྱལ་ཞི་ཁྲོ་ཡུམ་སྲས་དང་བཅས་པའི་སྙིང་པོ་བདེ་གཤེགས་སྙིང་པོ་ཡིན་པར་བསྟན་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་ཚིག་དོན་རྣམ་པར་བཤད་པ་རིན་ཆེན་སྒྲོན་མེ་ནི། འབྲུག་གི་རྗེ་མཁན་ཁྲི་རབས་རེ་དགུ་པ་དགེ་འདུན་རིན་ཆེན་ནས་བརྩམས་པ་སྟེ། འགྲེལ་པ་འདི་ཉིད་ཚིག་གི་སྡེབ་སྦྱོར་ལེགས་ཤིང་དོན་གསལ་བ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ངོ་བོ་སྟོང་པ་རང་བཞིན་འོད་གསལ་བར་འདོད་པ་དང་།སྤང་བྱའི་དྲི་མའི་སྐྱོན་སྔར་ཡོད་གསར་དུ་སྤང་དགོས་པ་དང་། གཞག་བྱའི་ཡོན་ཏན་གདོད་ནས་རང་ཆས་སུ་ཡོད་པས་སྔར་མེད་གསར་དུ་སྒྲུབ་མི་དགོས་པར་ཡོད་པ་དང་། རང་བཞིན་རྣམ་དག་གི་ཁམས་འདུས་བྱས་ཀྱི་ཆོས་རྣམས་ཀྱིས་སྟོང་པ་དང་འདུས་མ་བྱས་པའི་ཡོན་ཏན་གྱིས་མི་སྟོང་པར་བསྟན་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་ནི། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པ་སྟེ། གཞུང་འདི་མདོ་སྔགས་རྗེས་སུ་འབྲེལ་བར་བྱེད་པའི་བསྟན་བཅོས་སུ་འཛིན་པ་དང་། དེའི་དགོངས་དོན་རྡོ་རྗེའི་གནས་བདུན་བཤད་སྐབས། སངས་རྒྱས་འདུས་མ་བྱས་པ་ནི་ཆོས་སྐུ་དབྱིངས་ཀྱི་ཆ་དེ་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་དང་། ཡེ་ཤེས་ནི་གདུལ་བྱ་ལ་མི་སྣང་བས་འདུས་མ་བྱས་པ་སོགས་དང་། ཁམས་ལ་སངས་རྒྱས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་པ་དེ་ལུང་རིགས་དང་འགལ་བ་དང་། མེད་དགག་ཙམ་ལ་བཞག་པའང་མི་འཐད་པར།དབྱིངས་ཀྱི་དག་པ་ གཉུག་མའི་འོད་གསལ་དེ་སེམས་ཅན་ཀྱི་གཤིས་ལ་རང་ཆས་སུ་རྣམ་པར་དབྱེར་མེད་པར་ཡོད་པར་བསྟན་ཡོད་པ་ཡིན།  +
དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་མཆན་འགྲེལ་བྱམས་མགོན་དགྱེས་པའི་ཞལ་ལུང་ནོར་བུ་དབང་གི་རྒྱལ་པོ་དྲི་མ་མེད་པའི་འོད་ནི། ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་འགྲེལ་པ། ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་མཛད་པ་སྟེ། འགྲེལ་པ་འདི་ནི་གོ་སླ་ཞིང་རང་བྱུང་རྡོ་རྗེའི་དགོངས་པ་ཚུལ་བཞིན་དུ་བསྟན་པ་སྟེ། གཞི་བདེ་གཤེགས་སྙིང་པོ་ལ་གློ་བུར་གྱི་སྒྲིབ་མས་གཤིས་ལ་མ་བསྒྲིབས་པ་དང་། རྣམ་དབྱེར་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་པར་གསུངས་ཡོད་པ་ཡིན།  +
ཀུན་མཁྱེན་ཇོ་ནང་པའི་བཞེད་དགོངས་དབུ་ཚད་ཀྱི་གཞུང་སྤྱིའི་དགུང་བསྒྲིགས་ཏེ་དཔྱོད་པའི་སྤྱི་དོན་རབ་གསལ་སྣང་བ་འདི་ནི་དུས་རབས་ཉི་ཤུ་པའི་ཇོ་ནང་པའི་མཁས་པ་ངག་དབང་ཚོགས་གཉིས་རྒྱ་མཚོས་མཛད་པ་སྟེ། འདིའི་བསྟན་དོན་འཁོར་ལོ་བར་པའི་དགོངས་དོན་ལས་ལྷག་པའི་དོན་དམ་ཡོད་མེད་དང་། དོན་དམ་རྟེན་འབྲེལ་ཡིན་མིན་སོགས་སྤྱི་དོན་བཅུ་དྲུག་ལ་དཔྱད་པ་མཛད་དེ། དོལ་པོ་པ་སོགས་ཇོ་ནང་པའི་བཞེད་པའི་རིགས་དབུ་མ་དང་ཚད་མ་ལ་སོགས་པའི་ཐེག་ཆེན་གྱི་གཞུང་སྤྱི་དང་དགུང་བསྒྲིགས་ཏེ་བསྟན་ཅིང་། འདིར་གཞུང་ལུགས་དགོངས་པ་འགལ་མེད་ཡིན་པའི་རིས་མེད་ཀྱི་ལྟ་སྟངས་གསལ་ཡོད་པ་ཡིན།  +
ཆོས་དང་ཆོས་མ་ཡིན་པར་རྣམ་པར་འབྱེད་པའི་གཏམ་ཆེན་པོ་ཟབ་མོར་རློམ་པའི་ནང་དོན་འཁྲུལ་པར་ངོ་སྤྲོད་པར་བྱེད་པ་གྲུབ་མཐའི་སྤྱི་ཆིངས་འདིར། ཀརྨ་པ་མི་བསྐྱོད་རྡོ་རྗེས་བོད་ཡུལ་དུ་ཡོངས་སུ་གྲགས་པའི་མདོ་སྔགས་ཀྱི་ཆོས་ཀྱི་རྣམ་གཞག་དང་ཉམས་ལེན། མན་ངག་དང་ཕྱག་བཞེས་མང་པོར་ཆོས་མ་ཡིན་པར་རིགས་པའི་དགག་པ་མཛད་པ་སྟེ། དགག་པ་རྣམས་ཀྱང་ལྟ་སྒོམ་སྤྱོད་གསུམ་གྱི་རིམ་པར་ཕྱེ་ནས་བཀག་ཡོད་པ་སྟེ། འདིར་བཀའ་བརྒྱུད་དང་རྙིང་པའི་ཆོས་བརྒྱུད་རྣམས་སུ་གྲགས་ཆེ་བའི་ཉམས་ལེན་དང་མན་ངག་རྣམས་བཀག་ཡོད།  +
ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་འདི་ནི། དེང་སང་མཇལ་དུ་མེད་ཅིང་བོད་སྐད་དུ་འགྱུར་མེད་ཀྱང་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་རྣམ་བཤད་དུ་དྲངས་ཡོད་དེ། དེ་སྐད་དུ། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །ཞེས་གསུངས་སོ། །ཞེས་ལུང་བཀོད་དེ་ཚིགས་བཅད་འདི་འགྲེལ་གནང་ཡོད་ཅིང་། གཞན་ཡང་སློབ་དཔོན་ཐོགས་མེད་ཀྱི་ཐེག་ཆེན་བསྡུས་པ་དང་མངོན་པ་ཀུན་བཏུས། དེ་བཞིན་སློབ་བློ་གྲོས་བརྟན་པའི་དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། སུམ་ཅུ་པའི་རྣམ་བཤད་དང་། ཕུང་པོ་ལྔའི་རབ་ཏུ་འབྱེད་པའི་རྣམ་བཤད་སོགས་གཞུང་མང་པོར་ གོང་གི་ལུང་དེ་དྲངས་ཡོད་པ་ཡིན།  +
ཀུན་མཁྱེན་ཆེན་པོས་མཛད་པའི་གྲུབ་མཐའི་རྣམ་བཞག་དོན་གསལ་གྱི་འགྲེལ་བ་ཕྱོགས་ལྷུང་མུན་སེལ་ནི། ཇོ་ནང་དོལ་པོ་པ་ཤེས་རབ་རྒྱལ་མཚན་ནས་ཐོ་གན་ཐེ་མུར་གྱིས་གདན་དྲངས་པའི་སྐབས་འབྱོན་པར་ཞལ་བཞེས་མ་གནང་ཡང་། རྒྱལ་པོ་དེའི་ཆེད་དུ་གྲུབ་མཐའི་རྣམ་གཞག་ཚིགས་བཅད་མ་མཛད་པ་དེའི་འགྲེལ་པ་ངག་དབང་ཚོགས་གཉིས་རྒྱ་མཚོ་ནས་མཛད་པ་སྟེ། དོན་བསྡུས་ལ་ཚིག་གསལ་བའི་གཞུང་ཞིག་སྟེ། མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོའི་དོན་བཤད་ཅིང་། དེ་ཡང་ཀླུ་སྒྲུབ་ཀྱིས་སྟོང་ཕྱོགས་ནས་དང་། ཐོགས་མེད་ཀྱི་སྒྲུབ་ཕྱོགས་ནས་བསྟན་ཡོད་པ་དང་། ་སེམས་ཉིད་བདེ་གཤེགས་སྙིང་པོ་ཡོན་ཏན་ཀུན་རྫོགས་དོན་དམ་པར་བཞེད་ཡོད་པ་ཡིན།  +
ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པའི་འགྲེལ་པ་ཡེ་ཤེས་སྣང་བ་རྣམ་འབྱེད་ནི། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པ་སྟེ། བྱམས་པའི་ཆོས་སྡེའི་ལྔའི་ཡ་གྱལ་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་གཞུང་འདི་ནི། ཐེག་པ་ཆེན་པོ་སྤྱིའི་ཟབ་པའི་ཆ་བསྟན་པའི་གཞུང་དུ་བཀྲལ་ཡོད་པ་དང་། འགྲེལ་པ་འདིའི་འགོར་བྱམས་ཆོས་སྡེ་ལྔ་དབུ་སེམས་སོགས་གང་ཡིན་གྱི་དཔྱད་པ་མཛད་ཡོད་ཅིང་། རང་ལུགས་ཆོས་དང་ཆོས་ཉིད་རྣམ་འབྱེད་འདི་དང་། དབུས་མཐའ་རྣམ་འབྱེད་ཐེག་ཆེན་སྤྱིའི་དགོངས་པ་བསྟན་པར་གསུངས་ཡོད།  +
འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ནི་རྒྱ་ནག་གི་དགེ་སློང་ཝན་ཚིག་གིས་མཛད་ཅིང་། ལོ་ཙཱ་བ་འགོས་ཆོས་གྲུབ་གྱིས་བོད་སྐད་དུ་བསྒྱུར་བ་སྟེ། འདིའི་ནང་དུ་དགོངས་པ་ངེས་པར་འགྲེལ་པའི་མདོའི་དོན་དང་། དེའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དང་། སློབ་དཔོན་ངོ་བོ་ཉིད་མེད་ཀྱི་མཛད་པ་སོགས་དྲངས་པ་དང་། གཞན་ཡང་རྒྱ་དཀར་ནག་གི་སློབ་དཔོན་གཞན་གྱི་བཞེད་པ་སོགས་བཀོད་ཡོད་པ་དང་། འགྲེལ་པ་འདི་ཉིད་བསྟན་འགྱུར་གྱི་གྲལ་དུ་བཞུགས་ཤིང་། རྒྱ་ནག་ཏུ་དར་བའི་ཐེག་པོ་ཆེན་པོ་མོས་པ་བསྐྱེད་པའི་བསྟན་བཅོས་དང་སངས་རྒྱས་ཀྱི་རང་བཞིན་བསྟན་པའི་བསྟན་བཅོས་ཀྱང་འདིར་མཚན་དྲངས་ཡོད་པ་ཡིན།  +
རྒྱུད་བླ་མའི་འགྲེལ་པ་རྟོན་པ་བཞི་ལྡན་མཁས་པ་དགའ་བྱེད་ནི། དུས་རབས་ ༡༤ པའི་ཀརྨ་བཀའ་བརྒྱུད་པའི་མཁས་པ་ཀརྨ་དཀོན་མཆོག་གཞོན་ནུས་མཛད་པ་སྟེ། འགྲེལ་པ་འདིར་རྒྱུད་བླ་མའི་ཚིག་འགྲེལ་དང་རྒྱབ་རྟེན་ལུང་དང་བཅས་པ་བཀོད་ཡོད་ཅིང་། བྱམས་ཆོས་དུས་འཁོར་སོགས་ལེགས་པར་གསན་པ་དང་། ས་བཟང་གི་འགྲེལ་པ་སོགས་བལྟས་ནས་བརྩམས་པར་བཤད་ཅིང་། བདེ་གཤེགས་སྙིང་པོ་སྟོང་ཉིད་མེད་དགག་དང་རྟག་པ་ཐེར་ཟུག་དུ་འདོད་པ་གཉིས་ཀ་བཀག་ནས་སྤྲོས་བྲལ་འོད་གསལ་བའི་གནས་ལུགས་སུ་བསྟན་ཡོད་པ་ཡིན།  +
མདོ་སྡེ་རྒྱན་དང་རྒྱུད་བླ་མ་སྤྱོད་འཇུག་རྣམས་ཀྱི་འགྲེལ་ཊཱིཀྐ་གི་དབུ་ཞབས་ཀྱི་ཚིགས་བཅད་ཅེས་པའི་དཔེ་ཚོགས་འདིར། དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་མདོ་སྡེ་རྒྱན་དང་རྒྱུད་བླ་སོགས་ཀྱི་མགོ་ཡི་མཆོད་བརྗོད་དང་མཇུག་གི་གསུང་རྩོམ་ཚིགས་བཅད་རྣམས་དང་། གཞན་ཡང་ ཞི་ལྷག་གི་སྐོར། ནད་ལམ་ཁྱེར། རྐྱེན་ངན་ལམ་ཁྱེར་དང་གཞན་ལ་བསྐུར་བའི་གདམས་པ་དང་སྤྲིང་ཡིག་སྣ་ཚོགས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡོད་པ་ཡིན།  +
རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་མཆན་འདི་ནི། མཛད་པ་པོ་མི་གསལ་ཞིང་ཡི་གེ་དབུ་མེད་དུ་བྲིས་པའི་དཔེ་ཆ་བྲིས་མ་ཤོག་གྲངས་ ༡༦་ཡོད་པ་ཞིག་སྟེ། བསྟན་བཅོས་རྒྱུད་བླ་མའི་མཚན་བཏགས་ཚུལ་སྐོར་རྒྱས་པར་བཀོད་ཡོད་པ་དང་། གཞི་ཁམས་བདེ་གཤེགས་སྙིང་པོ་དག་པར་བྱེད་པའི་ཆོས་ཡོངས་སུ་སྦྱོང་བ་རྣམ་པ་དྲུག་ཅུ་གྲངས་འདྲེན་བཀོད་ཡོད་ཀྱང་། གཞུང་གི་འགྲེལ་པ་དང་བཤད་པ་མེད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱིཀྐ་དེ་ཉིད་སྣང་བ་འདི་ནི། ཇོ་ནང་པའི་མཁས་པ་ལྷའི་རྒྱལ་མཚན་གྱིས་ཨ་མོ་གྷ་ཞེས་པ་ཞིག་གིས་བསྐུལ་བའི་ངོར། འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་དང་། ས་བཟང་མ་ཏིའི་ས་བཅད་ལ་གཞི་བྱས་ནས་དབེན་གནས་ནམ་མཁའ་མཛོད་དུ་བརྩམས་པ་སྟེ། མཇུག་ཏུ་བྱམས་པ་ནས་བརྒྱུད་དེ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ནས་ལྷའི་རྒྱལ་མཚན་གྱིས་ཐོབ་པར་བཀོད་ཡོད། འགྲེལ་པ་འདི་ནི་ཁ་གསལ་པོར་རྒྱུད་བླ་མ་དང་་བཀའ་ཐ་མའི་དགོངས་གཞན་སྟོང་དབུ་མ་ཆེན་པོར་གཏན་ལ་ཕབ་ཡོད་ཅིང་དགག་བཞག་སྤོང་གསུམ་གྱི་སྒོ་ནས་ལུང་རིགས་བཀོད་དེ་བཤད་ཡོད་པ་ཡིན།  +
མ་ཡིན་དགག་གི་རིགས་སོགས་གཤེགས་སྙིང་ཟིན་བྲིས་ནི། ཁམས་ཁུལ་ནས་འཚོལ་བསྡུ་ཞུས་པའི་དཔེ་རྙིང་གི་པོད་ ༤༤ ་དང་ ༤༥ ་གཉིས་ཀྱི་ནང་དུ་ཡོད་པའི་ཟིན་བྲིས་ཏེ། ཁམས་ཀྱི་གནས་སྐབས་རིགས། དེ་བཞིན་ཉིད། ཆོས་སྐུ་གསུམ་པོ་རྫོགས་ཆེན་གྱི་གཞི་ལམ་འབྲས་བུའི་སྐབས་དང་སྦྱར་ཞིང་། གཞན་ཡང་རྫོགས་ཆེན་གྱི་རྣམ་བཞག་དང་ཚུལ་རྣམས་དང་སྦྱར་ནས་བཤད་ཡོད་ཅིང་། ཚུལ་མིང་པས་སྦྱར་བ་ཡིན་པར་བཀོད་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ནི། རྒྱུད་བླ་ཐོགས་འགྲེལ་ཞེས་ཡོངས་སུ་གྲགས་པ་སྟེ། རྒྱ་ནག་གི་སྐད་དུ་ཡོད་པའི་རྒྱུད་བླ་ནི་མཛད་པ་པོ་སཱ་ར་མ་ཏི་ཞེས་བཀོད་ཡོད་ཅིང་། བོད་སྐད་ཀྱི་འགྱུར་ལ་བསྟན་བཅོས་ཀྱི་རྩ་བ་ལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཞེས་དང་། དེའི་མཛད་པ་པོ་རྒྱལ་ཚབ་བྱམས་པ་མགོན་པོ་དང་། དེ་ཡི་འགྲེལ་པ་རྩ་ཚིགས་དང་སྦྱར་ནས་ཡོད་པ་ནི་བསྟན་བཅོས་རྒྱུད་བླ་མའི་རྣམ་པར་བཤད་པ་ཞེས་ཐོགས་མེད་ཀྱིས་མཛད་པར་གྲགས་པ་ཡིན། འོན་ཀྱང་དེང་སང་ལེགས་སྦྱར་སྐད་དུ་མཇལ་དུ་ཡོད་པའི་དཀོན་མཆོག་གི་རིགས་རྣམ་པར་འབྱེད་པའི་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མ་ཞེས་པ་ནི་བོད་སྐད་དུ་ཡོད་པའི་རྒྱུད་བླ་མའི་རྣམ་པར་བཤད་པ་འདི་དང་གཅིག་ཡིན་པས། རྩ་ཚིགས་སྔོན་ནས་བརྩམས་ནས་རྣམ་བཤད་ཕྱིས་སུ་མཛད་པ་ཡིན་མིན་ཐེ་ཚོམ་གྱི་གཞི་རུ་བཟུང་བའང་ཡོད།  +
དཔལ་སྣར་ཐང་གི་ཆོས་སྡེ་ཆེན་པོའི་གདན་འཛིན་ ༧ པ། བཀའ་གདམས་ཀྱི་བླ་མ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པའི་འོད་གསལ་སྙིང་པོའི་དོན་ནི། བརྗོད་བྱ་གཙོ་བོ་སེམས་ཀྱི་རང་འོད་གསལ་བ་གཞི་ཁམས་བདེ་གཤེགས་སྙིང་པོ་བསྟན་པ་སྟེ། དེ་ཡང་རྒྱུད་བླ་མ་ནས་གསུངས་པའི་རིགས་པ་གསུམ་དང་དཔེ་དགུ་ལ་སོགས་པའི་སྒོ་ནས་སེམས་ཀྱི་རང་བཞིན་འོད་གསལ་བར་བསྟན། དཔེ་ཐུང་འདི་ཉེ་ཆར་དཔལ་བརྩེགས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བགྱིས་པའི་བཀའ་གདམས་གསུང་འབུམ་ཕྱོགས་སྒྲིག་གི་པོད་ ༥༠ པའི་ཁྲོད་དུ་བཞུགས་ཀྱང་འདིའི་མཇུག་མི་ཚང་།  +
བདེ་གཤེགས་སྙིང་པོའི་སྟོང་ཐུན་སེངྒེའི་ང་རོ་ནི། ཡོན་ཏན་མིང་ཅན་གྱིས་བསྐུལ་བའི་ངོར། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་ཅིང་། འདིའི་བརྗོད་དོན་གཙོ་བོ་བོད་དུ་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རིགས་རྟག་པ་ཐེར་ཟུག་བདེན་གྲུབ་ཏུ་འདོད་པ་དང་། སེམས་ཀྱི་སྟོང་རྐྱང་མེད་དགག་ཙམ་ལ་འདོད་པ་དང་། སངས་རྒྱས་ཀྱི་ས་བོན་འདུས་བྱས་སུ་འདོད་པ་རྣམས་བཀག་ནས། གསང་སྔགས་རྙིང་མའི་མཁས་གྲུབ་རྣམས་ཀྱི་བཞེད་སྲོལ། བདེ་གཤེགས་སྙིང་པོ་སེམས་ཀྱི་གནས་ལུགས་གསལ་སྟོང་ཟུང་འཇུག་འདུས་མ་བྱས་པའི་ཆོས་ཉིད་ཡིན་པར་བཤད་ཅིང་། དེ་ཉིད་སེམས་ཀྱི་གཤིས་ལུགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡེ་ལྡན་དུ་ཡོད་པར་ལུང་རིགས་ཀྱི་སྒོ་ནས་བསྒྲུབས་ཡོད་པ་ཡིན།  +
བདེ་གཤེགས་སྙིང་པོའི་བསྟོད་པ་དད་གུས་ཀྱི་གཏེར་ཆེན་པོ་ནི། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་ཇོ་ནང་རི་ཁྲོད་དུ་བརྩམས་ཤིང་། བདེ་གཤེགས་སྙིང་པོ་ལ་མདོ་རྒྱུད་ཀུན་གྱི་བཅུད་དོན་དང་མཐར་ཐུག་གི་དགོངས་པ་ཡིན་པའི་ཚུལ་གྱིས་བསྟོད་ཡོད་པ་ཡིན།  +
ཆོས་ཀྱི་དབྱིངས་སུ་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་རྣམ་པར་བཤད་པ་ཆོས་ཀྱི་དབྱིངས་རྣམ་པར་ངེས་པ་ནི། གསེར་མདོག་པ་ཤཱཀྱ་མཆོག་ལྡན་ནས་བརྩམས་པ་སྟེ། འདིར་ཆོས་དབྱིངས་ཡེ་ཤེས་དེ་མདོ་ལུགས་སུ་བཤད་པ་མེད་པའི་ལོག་རྟོག་དང་། ཆོས་དབྱིངས་ལ་གསལ་རིག་གྱི་ཆ་མི་འདོད་པར་སྟོང་པ་མེད་དགག་ཏུ་འདོད་པ་དང་། ཀླུ་སྒྲུབ་དང་ཐོགས་མེད་ཀྱི་དགོངས་པ་འགལ་བ་ཡིན་པར་རྟོག་པ་སོགས་བསལ་བ་དང་། ཆོས་དབྱིངས་འཁོར་འདས་ཀྱི་སྐབས་སུ་གནས་ཚུལ་དང་མཚན་འཛིན་ཇི་ལྟར་འདོགས་ཚུལ་སོགས་གསལ་པོར་སྟོན་པའི་ཆེད་དུ་སྦྱར་ཞིང་། ཆོས་དབྱིངས་བསྟོད་པ་ས་བཅད་ཀྱི་སྒོ་ནས་ཕྱེས་ཏེ་འགྲེལ་ཡོད་པ་ཡིན།  +
གཞན་སྟོང་དབུ་མའི་རྒྱན་ནི་ཇོ་ནང་གི་མཁས་པ་ཆེན་པོ་ཏཱ་ར་ནཱ་ཐས་མཛད་པ་སྟེ། འདིའི་བརྗོད་དོན་གཙོ་བོ་ཆོས་ཀྱི་དབྱིངས་དོན་དམ་པ་འདི་ཉིད་རང་སྟོང་མིན་པར་གཞན་སྟོང་ཡིན་པ་དང་། དེ་ཉིད་སྟོན་པ་དང་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱི་དགོངས་པ་ཡིན་པ་དང་། བཀའ་འཁོར་ལོ་མཐའ་མའི་དགོངས་དོན་ངེས་དོན་ཡིན་པ་སོགས། བོད་ཀྱི་རང་སྟོང་སྨྲ་བ་རྣམས་ལ་དགག་པ་དང་། གཞན་སྟོང་གི་ལྟ་བ་ལ་སྒྲུབ་བྱེད་དང་དགག་སྤོང་མཛད་ཡོད་པ་ཡིན།  +
ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ནི། འབྲུག་ཆེན་པདྨ་དཀར་པོས་མཛད་པའི་ཕྱག་རྒྱ་ཆེན་པོའི་གཞུང་སྟེ། འདིའི་བསྟན་དོན་རྗོད་བྱེད་ཚིག་གི་ཕྱག་རྒྱ་ཆེན་པོ་དང་བརྗོད་བྱ་དོན་གྱི་ཕྱག་རྒྱ་ཆེན་པོ་གཉིས་བསྟན་ཅིང་། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཆེ་བ་བརྗོད་ཅིང་། སེམས་ཉིད་ལྷན་ཅིག་སྐྱེས་པ་ལྟ་བ་གཏན་ལ་ཕབ་པ་དང་། སྣང་བ་ལྷན་ཅིག་སྐྱེས་པ་སྒོམ་པ་ཉམས་སུ་བླང་བ་དང་། སྣང་སྲིད་ལྷན་ཅིག་སྐྱེས་པ་འབྲས་བ་མཐར་ཕྱིན་པ་རྣམས་རྒྱ་བོད་ཀྱི་ལུང་དང་མན་ངག་རྣམས་བཀོད་ཡོད་པ་ཡིན།  +
གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ནི། ཇོ་ནང་གི་མཁས་པ་ཆེན་པོ་ཏཱ་ར་ནཱ་ཐས་མཛད་པའི་གཞན་སྟོང་སྒྲུབ་པའི་གཞུང་གཞན་སྟོང་དབུ་མའི་རྒྱན་ནང་དུ། མདོ་དང་བསྟན་བཅོས་ཀྱི་ལུང་དང་ལོ་རྒྱུས་རྣམས་འགོ་སྨོས་པ་ཙམ་མཛད་དེ་ཡོད་པ་དེ་རྣམས་ཀྱི་ཁུངས། ལུང་ཚིག་ཇི་ལྟར་ཡོད་པ་རྣམས་བཀོད་དེ་གཞན་སྟོང་དབུ་མ་ཆེན་པོའི་ཚུལ་སྒྲུབ་པ་སྟེ། འདི་ནི་གཞན་སྟོང་དབུ་མའི་རྒྱན་གྱི་ཆ་ལག་གམ་རྒྱབ་རྟེན་ཞིག་སྟེ། འདིར་གཞན་སྟོང་དབུ་མའི་རྒྱན་དུ་ཞལ་འཕངས་པ་དང་མདོར་ཙམ་སྨོས་པའི་ལུངས་རྣམས་བཀོད་ཡོད་པ་ཡིན།  +
ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ནི། ཇོ་ནང་གི་མཁས་པ་ཆེན་པོ་ཏཱ་ར་ནཱ་ཐས་མཛད་པའི་གཞན་སྟོང་དབུ་མ་ཆེན་པོའི་གཞུང་གཙོ་བོ་ཞིག་སྟེ། འདི་ཡི་བསྟན་དོན་དབུ་མ་དང་། ཤེས་བྱ་སྤྱིའི་རྣམ་གཞག་ གཞི་ལམ་འབྲས་བུ། རྣམ་ཤེས་ཚོགས་བརྒྱད་སོགས་ཀྱི་སྐོར་གསུངས་ཏེ། བཀའ་མཐའ་མའི་བརྗོད་བྱ་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ངེས་པའི་དོན་མཐར་ཐུག་པ། དོན་དམ་པའི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཡོད་པའི་སྐོར་གསུངས་ཡོད། གཞུང་གཞན་གྱི་ལུང་མང་དུ་དྲངས་པ་དང་དེའི་ཟིན་བྲིས་ཡེ་ཤེས་རྒྱ་མཚོ་དང་བློ་བཟང་མཆོག་གྲུབ་རྒྱ་མཚོ་གཉིས་ཀྱིས་མཛད་ཡོད་པ་ཡིན།  +
ཆེན་པོ་གཞན་སྟོང་གི་ལྟ་བ་དང་འབྲེལ་བའི་ཕྱག་རྒྱ་ཆེན་པོའི་སྨོན་ལམ་གྱི་རྣམ་བཤད་ངེས་དོན་དབྱིངས་ཀྱི་རོལ་མོ་ཞེས་བྱ་བ་འདི་ནི། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ཞེས་ཡོངས་སུ་གྲགས་པ་དེའི་འགྲེལ་པ། སངས་རྒྱས་མཉན་པ་སྐུ་ཕྲེང་ ༡༠ ཀརྨ་དཔལ་ལྡན་རང་བྱུང་འཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་ནས་བརྩམས་པ་སྟེ། འདི་དོན་གསལ་ལ་ཚིག་གོ་སླ་ཞིང་། བོད་སྐད་ཕལ་པའི་ཚིག་གྲོས་ཀྱི་སྒོ་ནས། དྲང་ངེས་ཀྱི་རྣམ་བཞག་ལས་འགོ་བརྩམས་ནས་སྨོན་ལམ་གྱི་ཚིག་ལ་དོན་འགྲེལ་མཛད་ཡོད་པ་ཡིན།  +
ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་ནི། ཀརྨ་པ་གསུམ་པ་རྗེ་རང་བྱུང་རྡོ་རྗེས་མཛད་པ་སྟེ། སྨོན་ལམ་འདི་ཀམ་ཚང་བཀའ་བརྒྱུད་དང་རིས་མེད་ཆོས་སྡེ་རྣམས་ནས་ཞལ་འདོན་མཛད་པའི་སྨོན་ལམ་ཞིག་སྟེ། འདིའི་བསྟན་དོན་ཟབ་མོ་དབུ་མ་དང་ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་རྣམས་དགོངས་དོན་གཅིག་ཡིན་པར་བསྟན་ཅིང་། གདོད་མ་གཞི་ཡི་གནས་ལུགས་དེ་བཞིན་གཤེགས་པའི་སྙིང་པོ་དེ་གསལ་སྟོང་ཟུང་འཇུག་གི་རང་བཞིན། ཡོད་མེད་ཡིན་མིན་སོགས་སྤྲོས་པའི་མཐའ་ཐམས་དང་བྲལ་བའི་ཆོས་ཉིད་དུ་བསྟན་ཅིང་། དེ་ལ་གློ་བུར་མ་དག་པའི་སྒྲིབ་མ་བྲལ་རུང་དུ་གནས་པའི་ཆོས་ཉིད་སེམས་ཀྱི་རང་བཞིན་དུ་བསྟན་ཡོད་པ་ཡིན།།  +
ཆོས་ཀྱི་དབྱིངས་སུ་བསྟོད་པ་ནི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་བསྟོད་ཚོགས་ཀྱི་ཡ་གྱལ་ཞིག་སྟེ། འདིར་ཆོས་དབྱིངས་སངས་རྒྱས་ཀྱི་ཁམས་དེ་བཞིན་ཉིད་ལ་བསྟོད་པའི་སྒོ་ནས་གཏན་ལ་ཕབ་ཡོད་ཅིང་། རིགས་ཚོགས་ནས་དགག་ཕྱོགས་ནས་སྟོང་པར་བསྟན་པ། བསྟོད་ཚོགས་ནས་སྒྲུབ་ཕྱོགས་ཀྱི་སྒོ་ནས་ཆོས་དབྱིངས་གསལ་བ་རང་བཞིན་དུ་གནས་པའི་སྒོ་ནས་བསྟན་ཡོད་པ་ཡིན།  +
དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ་ནི། རྒྱ་གར་གྱི་སློབ་དཔོན་ཟླ་བ་གྲགས་པས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པའི་དོན་དུ་བརྩམས་པའི་གཞུང་སྟེ། བརྗོད་དོན་བྱང་ཆུབ་སེམས་དཔའི་ས་བཅུ་དང་འབྲེལ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སངས་རྒྱས་ཀྱི་སའི་ཡོན་ཏན་རྣམས་བསྟན་ཡོད་པ་སྟེ། དེའི་ནང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མ་དང་འབྲས་བུ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག དེ་བཞིན་རྣམ་བདུན་ཤིང་རྟའི་རིགས་པ་སོགས་ཀྱི་སྒོ་ནས་རྒྱས་པར་གཏན་ལ་ཕབ་ཡོད་ཅིང་། བསྟན་བཅོས་འདི་བོད་དུ་དབུ་མའི་གཞུང་གཙོ་བོར་བྱས་ཏེ་འཆད་ཉན་བྱས་ཡོད་པ་དང་། འགྲེལ་པ་ཡང་མང་དུ་ཡོད་པ་དང་། འདིར་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་བཤད་པ་ཡིན་པས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དང་ཀུན་གཞི་བསྟན་པའི་མདོ་སོགས་དྲང་བའི་དོན་བསྟན་པའི་མདོ་རུ་བཞེད་ཡོད་པ་ཡིན།།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་བྱམས་མགོན་དགྱེས་པའི་མཆོད་སྤྲིན་ནི། བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནས་མཛད་པ་སྟེ། རྒྱུད་བླ་མའི་དགོངས་པ་རྒྱལ་ཚབ་དར་མ་རིན་ཆེན་གྱི་ཊིཀྐཱ་དང་མཐུན་པར་བཀྲལ་ཏེ། སེམས་ཅན་ཐམས་ཅད་ལ་ཆོས་སྐུའི་འཕྲིན་ལས་ཀྱིས་ཁྱབ་པ་སོགས་ཀྱི་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་དང་། བདེ་གཤེགས་སྙིང་པོ་སྟོང་པ་ཉིད་དང་ཡོན་ཏན་སྐྱེས་རུང་གི་ནུས་པ་ཡོད་པ་ལ་བཀྲལ་ཡོད་པ་ཡིན།  +
མདོ་འདི་ནི་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གཙོས་པའི་འཁོར་རྣམས་ལ། བྱང་ཆུབ་སེམས་དཔའ་འཆི་ཁར་སེམས་བསྐྱེད་ཚུལ་གྱི་སྐོར་གསུངས་པ་སྟེ། འཆི་ཁར་ཆོས་ཐམས་ཅད་དངོས་མེད་པའི་འདུ་ཤེས་དང་། སྙིང་རྗེ་ཆེན་པོའི་འདུ་ཤེས་དང་། འོད་གསལ་བས་མི་དམིགས་པའི་འདུ་ཤེས་དང་། མ་ཆགས་པའི་འདུ་ཤེས་བསྐྱེད་དགོས་པའི་སྐོར་གསུངས་ཡོད་པ་ཡིན།  +
རྒྱུད་བླ་རོང་སྟོན་འགྲེལ་པའི་ཁ་སྐོང་ནི་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ་སྟེ། འདིར་རྒྱུད་བླ་མ་ནས་གསུངས་པའི་བརྗོད་དོན་རྡོ་རྗེ་གནས་བདུན་པོ་བསྟན་པའི་མདོ་རྣམས་དྲངས་ཤིང་། དེ་ཡང་བྱང་ཆུབ་སེམས་དཔའི་རྒྱན་བཞི་གཅིག་ནས་བཅུའི་བར་དང་། དེ་བཞིན་དུ་སྣང་བ་རྣམ་པ་བརྒྱད། སྙིང་རྗེ་ཆེན་པོ་བཅུ་དྲུག་དང་། འཕྲིན་ལས་སོ་དྲུག་རྣམས་ནང་གསེས་དབྱེ་བ་ཕྱེ་སྟེ་བསྟན་ཡོད།  +
ཆོས་དབྱིངས་རྣམ་པར་ངེས་པའི་གཏེར་སྒོ་བརྒྱ་འབྱེད་ནི། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་ནས་བརྩམས་པ་སྟེ། འདིར་ཀུན་རྫོབ་འཁྲུལ་པའི་སྣང་བ་རང་སྟོང་དང་དོན་དམ་མ་འཁྲུལ་པའི་གནས་ལུགས་ངེས་པའི་དོན་གཞན་སྟོང་དུ་བསྟན་ནས། དབུ་མ་རྣམ་པ་གསུམ་དུ་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བཞེད་པ་དང་། སྟོང་ཉིད་མེད་དགག་ཙམ་མིན་པ་དང་། སེམས་ཅན་སོགས་ཀུན་རྫོབ་འཁྲུལ་པའི་སྣང་བ་མེད་པས་བསལ་བར་བྱ་དགོས་པ་མེད་པ་དང་། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གདོད་ནས་ཡོད་པས་བཞག་པར་བྱ་དགོས་པ་མེད་པར་བསྟན།  +
བྱང་ཆུབ་ལམ་རིམ་ཆེན་མོ་ནི། རྗེ་བློ་བཟང་གྲགས་པས་མཛད་པའི་ལམ་རྒྱས་འབྲིང་བསྡུས་གསུམ་ལས་ལམ་རིམ་རྒྱས་པ་སྟེ། འདིར་བྱང་ཆུབ་སྒྲུབ་པ་ལ་སྐྱེས་བུ་ཆེ་འབྲིང་ཆུང་གི་ལམ་གྱི་རིམ་པ་རྣམས་རྒྱས་པར་བསྟན་ཡོད་ཅིང་། ལྷག་མཐོང་གི་ལེའུའི་སྐབས་སུ་དངོས་པོའི་གནས་ལུགས་ཆོས་ཉིད་ཀྱི་རྣམ་བཞག་རྒྱས་པར་བཤད་པ་དང་། རིགས་ལ་དབུ་མའི་ལུགས་ལ་ཀུན་རྫོབ་བྱང་ཆུབ་ཀྱི་ཆོས་སྐྱེ་བའི་ནུས་པ་དང་། དོན་དམ་གང་ལ་དམིགས་ནས་བྱང་ཆུབ་ཐོབ་པའི་ཆོས་ཉིད་སྟོང་པ་ཉིད་ལ་རིགས་སུ་གསུངས་ཡོད་པ་ཡིན།  +
དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་པོ་ནི། རྗེ་བློ་བཟང་གྲགས་པས་མཛད་པ་སྟེ། འདི་ནི་རི་བོ་དགེ་ལྡན་པའི་ཁྲོད་དུ་རྗེའི་གསུང་རྩོམ་གལ་ཅན་ཞིག་ཏུ་འཛིན་པ་དང་། འདིར་བསྟན་དོན་གཙོ་བོ་བློ་གྲོས་མི་ཟད་པའི་མདོ་དང་མདོ་སྡེ་དགོངས་པ་ངེས་འགྲེལ་ནས་བསྟན་པའི་དྲང་བའི་དོན་དང་། ངེས་པའི་དོན་གྱི་རྣམ་པར་བཞག་པ་རྒྱ་ཆེར་བསྟན་ཡོད་པ་ཡིན།  +
དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་ནི། རྗེ་བློ་བཟང་གྲགས་པས་མཛད་པ་སྟེ། གཞུང་འདི་ཉིད་རྗེ་བློ་བཟང་གྲགས་པས་མཛད་པའི་རྩོམ་གཞུང་མཐའ་མ་ཡིན་པས་དགོངས་པ་མཐར་ཐུག་པར་འདོད་ཅིང་། འདིར་དབུ་མའི་གོ་བ་བདེན་སྟོང་མེད་དགག་ཏུ་བཞེད་པ་དང་། ཆོས་ཅན་བུམ་པ་བུམ་པས་མི་སྟོང་པར་བདེན་གྲུབ་ཀྱིས་སྟོང་པར་འདོད་ཅིང་། དེ་ལ་བརྟེན་ནས་དགག་པ་ཡང་མང་དུ་བྱུང་། དཔལ་ལྡན་ཟླ་བའི་བཞེད་པ་ལྟར་གཤེགས་སྙིང་བསྟན་པའི་མདོ་དྲང་དོན་ཡིན་པར་བཀོད་ཡོད་པ་ཡིན།  +
དམ་པའི་ཆོས་དགོངས་པ་གཅིག་པའི་རྣམ་བཤད་ལུང་དོན་གསལ་བྱེད་ལེགས་བཤད་ཉི་མའི་སྣང་བ་ནི། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་བཀའ་ཆོས་སྤྱང་སྔ་བ་ཤེས་རབ་འབྱུང་གནས་ཀྱིས་བཀའ་བསྡུ་མཛད་པའི་མདོ་སྔགས་ཀྱི་ལམ་ཚང་ལ་མ་ནོར་བར་བསྟན་པ་སྟེ། གཞུང་འདི་ལ་འགྲེལ་པ་མང་དུ་བཞུགས་པ་ལས་འདི་ནི་འབྲི་གུང་གི་མཁས་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པའི་འགྲེལ་པ། ཚིག་རན་ལ་གོ་བདེ་བ་དང་། དོན་གསལ་བ། བློ་ལྡན་རྣམས་འཇུག་ངོགས་བདེ་བའི་གཞུང་འགྲེལ་ཞིག་ཡིན།  +
ལེགས་བཤད་གསེར་གྱི་ཕྲེང་བ་ནི༏ རྗེ་བློ་བཟང་གྲགས་པས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་སྟེ། འདི་རྗེ་བློ་བཟང་གྲགས་པ་དགོངས་ནར་མ་སོན་པའི་སྐབས་སྐབས་སུ་མཛད་པས་དགོངས་པ་མཐར་ཐུག་མིན་པར་བཤད་པ་ཡང་ཡོད་ཅིང་། འདིར་རིགས་ཀྱི་སྐོར་ཐེག་པ་དམན་པའི་གྲུབ་མཐར་འདོད་ཆུང་ཆོག་ཤེས་ལ་འདོད་པ་དང་། སེམས་ཙམ་པས་ཀུན་གཞིའི་སྟེང་གི་ཟག་མེད་ཀྱི་ཆོས་སྐྱེ་བའི་ནུས་པ་ལ་འཇོག་པ་དང་། དེ་བཞིན་སྐྱེ་མཆེད་དྲུག་གི་སྟེང་གི་བྱང་ཆུབ་ཀྱི་ཆོས་ཐོབ་པའི་ནུས་པ་ལ་འདུས་བྱས་ཀྱི་རིགས་སུ་འདོད་པ་དང་། ཆོས་ཉིད་ལ་རིགས་སུ་འདོད་པ་སོགས་ཀྱི་སྐོར་གསུངས་ཡོད།  +
དམ་པའི་ཆོས་དགོངས་པ་གཅིག་པའི་འགྲེལ་ཆེན་སྣང་མཛད་ཡེ་ཤེས་སྒྲོན་མེ་ནི་འབྲི་གུང་འཇིག་རྟེན་གསུམ་མགོན་གྱིས་མཛད་པའི་དམ་ཆོས་དགོངས་པ་གཅིག་པའི་འགྲེལ་པ་རྡོ་རྗེ་ཤེས་རབ་ནས་མཛད་པ་སྟེ། དགོངས་གཅིག་ལ་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་ཞལ་ནས་གསུངས་པའི་རྡོ་རྗེའི་ཚིག་བརྒྱ་དང་ལྔ་བཅུ་དང་ལྷན་ཐབས་བཞི་བཅུ་ལྷག་ཡོད་པ་ཡིན། གཞུང་འདིའི་ནང་འབྲི་གུང་པའི་ལྟ་བ་དང་འཛིན་མཚམས་འདྲ་མིན་སྣ་ཚོགས་བསྟན་ཡོད་པ་ཡིན།  +
ཕོ་ཤིང་ལུང་ (*སངས་རྒྱས་ཀྱི་རང་བ༷ཞིན་་བསྟན་པའི་བསྟན་བཅོས།)ནི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་གཞུང་ཞིག་སྟེ། རྒྱ་ནག་གི་སྐད་དུ་སློབ་དཔོན་དོན་དམ་པས་བསྒྱུར་ཡོད་ཀྱང་། རྒྱ་གར་སྐད་དུ་དང་བོད་སྐད་དུ་བཞུགས་མེད་ཅིང་། དེའི་བསྟན་དོན་དེ་བཞིན་གཤེགས་པའི་སྙིང་པོ་དང་། མཚན་ཉིད་གསུམ། དག་མ་དག་དང་ཀུན་ཉོན་རྣམ་བྱང་གི་རྩ་བ་སེམས་ཉིད་ལ་ཐུག་པ་སོགས་གསུངས་ཏེ། སེམས་ཉིད་མི་རྟོག་པའི་རང་བཞིན་སྒྲུབ་ཕྱོགས་ནས་གཏན་ལ་ཕབ་ཡོད་པ་ཡིན། གཞུང་འདི་བོད་སྐད་དུ་འགྱུར་བ་མི་སྣང་ཡང་། རྒྱའི་སློབ་དཔོན་ཝན་ཚིག་གིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་རྒྱ་ཆེར་འགྲེལ་པ་ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་བསྒྱུར་བ་ལ་ལན་བཅུ་ཙམ་དྲངས་ཡོད་པ་ཡིན།  +
དབུ་མ་ཆོས་དབྱིངས་བསྟོད་པའི་རྣམ་པར་བཤད་པ་ནི། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ་སྟེ། རྣམ་བཤད་འདི་ནི་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་ཚུལ་དང་། ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་པའི་ཚུལ་འགལ་མེད་དུ་དགོངས་ནས་སེམས་ཉིད་གཞི་ཡི་གནས་ལུགས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཁམས་ཀྱི་རྣམ་བཞག་གསུངས་པ་སྟེ། ལྷག་པར་རྒྱུད་བླ་མའི་ལུང་མང་དུ་དྲངས་ནས་ཆོས་དབྱིངས་བསྟོད་པའི་འགྲེལ་པ་མཛད་དེ། ཆོས་དབྱིངས་གཙང་བདེ་རྟག་བདག་གི་རང་བཞིན་གཏན་ལ་ཕབ་ཡོད་པ་ཡིན།  +
དེ་བཞིན་གཤེགས་པ་སྙིང་པོའི་དོན་རྒྱ་བོད་ཀྱི་མཁས་པའི་བཞེད་སྲོལ་མ་འདྲེས་པར་གསལ་བར་བྱེད་པའི་ཟླ་གཞོན་ནི་བྱང་རྩེ་མཁན་ཟུར་བསོད་ནམས་ཀུན་དགའ་ནས་མཛད་པ་སྟེ། འདི་ནང་དུ་ཐོག་མར་ཉན་ཐོས་ཀྱི་ལུགས་ལ་སེམས་ཅན་གྱི་རིགས་རྣམ་གཞག་གསུངས་པ་དང་། དེ་ནས་སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐར་རིགས་ཀྱི་སྐོར་གསུངས་པ་མདོ་དང་བསྟན་བཅོས་ཀྱི་ཁུངས་དང་བཅས་པ་དང་། དེ་ནས་བོད་གངས་ཅན་གྱི་ལྗོངས་སུ་རིགས་ཀྱི་རྣམ་གཞག་དང་། དེ་བཞིན་གཤེགས་པའི་སྙིང་པོའི་སྐོར་བཞེད་པ་སྣ་ཚོགས་ཡོད་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བཀོད་ཡོད་པ་ཡིན།  +
ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་དགོངས་པ་གཞན་སྟོང་དབུ་མའི་ཚུལ་ལེགས་པར་བཤད་པ་མཐར་འཛིན་གདུང་འཕྲོག་ཅེས་པའི་གཞུང་འདིར་དཔལ་ཇོ་ནང་གི་མཁས་པ་ཆེན་ངག་དབང་ཚོགས་གཉིས་རྒྱ་མཚོས་གཞན་སྟོང་དབུ་མའི་ཚུལ་ལུགས་གཞི་ལམ་འབྲས་བུའི་སྒོ་ནས་བཀོད་ཡོད་ཅིང་། འདིར་ཆོས་ཉིད་ཀྱི་གཞི་དང་ཆོས་ཅན་གྱི་གཞི་ལས་བརྩམས་ཏེ་གཞིའི་གནས་ལུགས་དང་། ལམ་གྱི་སྐབས་ཕྱི་ནང་གི་གྲུབ་མཐའི་ཁྱད་དང་། འབྲས་བུ་ཆོས་གཟུགས་ཀྱི་སྐུའི་སྐོར་དང་། མཇུག་ཏུ་བསྟན་བཅོས་རྒྱུད་བླ་མའི་བསྡུས་དོན་བཅས་བསྟན་ནས་དེ་བཞིན་གཤེགས་པའི་སྙིང་པོ་ངེས་དོན་ཡིན་པར་གསུངས་ཡོད།  +
རྒྱུད་འདི་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་རིག་པ་དང་། འོད་གསལ། དེ་བཞིན་དུ་ལུས་ཀྱི་འབྱུང་བའི་ཐིམ་རིམ་སོགས་བཀོད་ཡོད་པ་ཡིན།  +
དམ་ཆོས་དགོངས་པ་གཅིག་པའི་ཀར་ཊཱིཀ་ཆེན་མོ་ནི། འབྲི་གུང་འཇིག་རྟེན་གསུམ་མགོན་གྱིས་གསུངས་ཞིང་དེའི་སློབ་མ་དང་དབོན་པོ་ཤེས་རབ་འབྱུང་གནས་ཀྱིས་ཡི་གེར་བཀོད་པའི་འབྲི་གུང་གི་གཞུང་རྩ་ཆེན་དམ་ཆོས་དགོངས་པ་གཅིག་པའི་འགྲེལ་པ་སྟེ། གཞུང་དེར་ཚོམས་བདུན་གྱི་ཁོངས་སུ་རྡོ་རྗེའི་ཚིག་ ༡༥༠ དང་ལྷན་ཐབས་ ༤༧ གསུངས་ཡོད་པ་དེ་ལ། ཀརྨ་པ་བརྒྱུད་པ་མི་བསྐྱོད་རྡོ་རྗེས་འགྲེལ་བ་མཛད་པ་སྟེ། གཞུང་འགྲེལ་འདིར་ལྟ་གྲུབ་ཀྱི་འཛིན་མཚམས་ཐུན་མོང་མིན་པ་མང་དུ་གསུངས་ཡོད་པ་ཡིན།  +
གཞན་སྟོང་ལྟ་ཁྲིད་ཅེས་པའི་བརྩམས་ཆོས་འདི་ནི་ ཇོ་ནང་གི་ཁྲིད་བརྒྱ་ནང་དུ་བཞུགས་ཡོད་ཅིང་། བཙན་ཁ་བོ་ཆེའི་ཡིག་དཔེ་ལས་ཕབ་པར་བཤད་ཅིང་། དཔེ་འདིས་ཀུན་བཏགས། གཞན་དབང་། ཡོངས་གྲུབ་སྟེ་མཚན་ཉིད་གསུམ་གྱི་རང་བཞིན་གཏན་ལ་ཕབ་པའི་སྒོ་ནས་གཞན་སྟོང་དང་དབུ་མ་ཆེན་པོའི་ཚུལ་གསལ་བར་བྱས་ཤིང་། ཐག་ཁྲ་ལ་སྦྲུལ་འཛིན་གྱི་དཔེའི་སྒོ་ནས་ཡོངས་གྲུབ་ཆོས་ཉིད་དོན་དམ་ལ་གཞན་དབང་དང་ཀུན་བཏགས་ཀྱི་ངོ་བོ་སྟོང་པའི་ཚུལ་བསྟན་ཡོད་པ་ཡིན། ཕལ་ཆེར་བོད་དུ་གཞན་སྟོང་དང་དབུ་མ་ཆེན་པོ་ཞེས་པའི་ཚིག་ཐོག་མར་བཀོད་པའི་དཔེ་ཆ་ཡིན་པར་སྣང་།  +
རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་ཆོས་ཉིད་དང་རིག་པ་དང་འོད་གསལ་སོགས་བཀོད་ཡོད་པ་ཡིན།  +
ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ས་བཅད་འདི། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་བཀའ་འབུམ་དུ་བཞུགས་ཡོད་ཅིང་། འདི་ཉིད་ཛམ་ཐང་དུ་རྒྱུད་བླའི་བཤད་ཁྲིད་བསྩལ་བའི་ཐུན་གྱི་བར་དུ་བརྩམས་གནང་བ་ཡིན་པར་མཛད་བྱང་དུ་གསལ་ཀྱང་། མཛད་པ་པོའི་མཚན་བཀོད་མེད་ཅིང་། ས་བཅད་འདིར་རྩ་བའི་ས་བཅད་བཞི་ལས་འཕྲོས་ཏེ། རྒྱུད་བླའི་བསྟན་གྱི་ས་བཅད་དང་ཚིགས་བཅད་ཀྱི་མཚམས་རྣམས་བསྟན་ཡོད་པ་ཡིན།  +
བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་གཞི་འོད་གསལ་རིག་པའི་དབྱིངས་གཞོན་ནུ་བུམ་པའི་སྐུ་ལས་སྣ་ཚོགས་པའི་སྣང་བ་རྣམས་ཇི་ལྟར་ཤར་བའི་ཚུལ་མི་འདྲ་བ་རྣམས་རྒྱས་པར་གསུངས་ཡོད་པ་ཡིན།  +
གཞན་སྟོང་དབུ་མའི་རྣམ་གཞག་སྙིང་པོར་དྲིལ་བ་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་པོས། ཡོལ་མོ་བ་མི་བསྐྱོད་རྡོ་རྗེ། དོལ་པོ་པ་ཤེས་རབ་རྒྱལ་མཚན། ཀརྨ་པ་རང་བྱུང་རྡོ་རྗེ། པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ཀྱི་དགོངས་པ་གཞན་སྟོང་དབུ་མ་ཆེན་པོའི་བཅུད་དྲིལ་ནས་བསྟན་པ་སྟེ། དོན་དམ་དང་ཀུན་རྫོབ། རྣམ་ཤེས་དང་ཡེ་ཤེས། རང་སྟོང་དང་གཞན་སྟོང་། ཆོས་སྐུ་དང་གཟུགས་སྐུ། བདེ་གཤེགས་སྙིང་པོ་དང་གློ་བུར་གྱི་དྲི་མ། མདོ་དང་སྔགས་སོགས་ཤན་ཕྱེ་བའི་སྒོ་ནས་གཞན་སྟོང་དབུ་མ་ཆེན་པོའི་ཚུལ་མདོར་བསྡུས་ཏེ་བསྟན་ཡོད་པ་ཡིན།  +
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་བདེ་གཤེགས་སྙིང་པོའམ་འོད་གསལ་བའི་ཆོས་ཉིད་ལས་སྣ་ཚོགས་ཀྱི་སྣང་བ་ཤར་ཚུལ་སོགས་བསྟན་ཡོད།  +
རྡོ་རྗེ་སེམས་དཔའ་སྙིང་གྱི་མེ་ལོང་གི་རྒྱུད་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་བདེ་གཤེགས་སྙིང་པོ་གཟུགས་ཀྱི་ཕུང་པོའི་སྙིང་གི་དབུས་སུ་འོད་ལྔའི་ཀློང་ན་བུམ་པའི་སྐུ་ལྟ་བུར་ཡོད་ཚུལ་དང་། དེ་ལ་ཞི་བའི་ལྷ་ཚོགས་ཀྱིས་བསྐོར་བ་དང་། ཡེ་ཤེས་འཕྲོས་པས་ཀླད་པ་དུང་ཁང་དུ་ཁྲོ་བོའི་ལྷ་ཚོགས་ཤར་ཚུལ་སྐོར་གསུངས་ཡོད།  +
ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད་ནི། གསང་རྙིང་མའི་རྒྱུད་བཅུ་བདུན་གྱི་ཡ་གྱལ་ཞིག་སྟེ། དེ་ཡང་རྫོགས་ཆེན་གྱི་རྒྱུད་ཕྱི་སེམས་སྡེ། ནང་ཀློང་སྡེ།་གསང་བ་མན་ངག་གི་སྡེ་གསུམ་ལས། མན་ངག་གི་སྡེ་དང་། དེ་ལ་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་མེད་ཀྱི་སྐོར་བཞི་ཡོད་པ་ལས་ཡང་གསང་བླ་མེད་ཀྱི་སྐོར་སྙིང་ཐིག་གི་ཡ་གྱལ་ཞིག་སྟེ། དེ་ཡང་དུས་རབས་བརྒྱད་པའི་ནང་པཎ་ཆེན་བི་མ་ལ་མི་ཏྲ་ནས་བརྒྱུད་པར་གྲགས་ཀྱང་། དེང་དུས་ཀྱི་མཁས་པས་ཕྱིས་ཀྱི་བོད་ཀྱི་རྩོམ་ཆོས་སུ་འདོད་པ་ཡིན། འདིའི་བསྟན་དོན་དུ་ཆོས་ཉིད་དང་། རིག་པ་དང་། འོད་གསལ། དེ་བཞིན་དུ་ལུས་ཀྱི་འབྱུང་བའི་ཐིམ་རིམ་དང་བར་དོའི་ཉམས་ལེན་སོགས་བཀོད་ཡོད་པ་ཡིན།  +
བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོ་ནི། ཇོ་ནང་གི་མཁས་པ་ཆེན་པོ་དོལ་པོ་པས་མཛད་པའི་གཞུང་སྟེ། འདིར་བསྐལ་པ་རྫོགས་ལྡན། གསུམ་ལྡན། གཉིས་ལྡན་དང་། རྩོད་ལྡན་སོགས་སུ་ཕྱེ་ནས་གཞན་སྟོང་དབུ་མ་ཆེན་པོའི་ཆོས་ནི་རྫོགས་ལྡན་གྱི་ཆོས་ཡིན་པ་དང་། རང་སྟོང་གི་ཆོས་ནི་དྲང་དོན་ཡིན་པ་སོགས། གཞན་སྟོང་གི་ལྟ་གྲུབ་ལུང་རིགས་ཀྱི་ཚུལ་དུ་མའི་སྒོ་ནས་སྒྲུབ་བའི་གཞུང་ཞིག་སྟེ། འདིར་རང་སྟོང་གཞི་མེད་རྩ་བྲལ་བཀག་ཅིང་། གཙང་བདེ་རྟག་བདག་གི་ངོ་བོ་དོན་དམ་པའི་གནས་ལུགས་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་རྣམ་བཤད་དོན་དམ་རྣམ་ངེས་བསྡུས་པའི་སྙིང་པོའི་སྙིང་པོ་ནི། དུས་རབས་ཇི་ཙམ་ན་བྱོན་ངོས་འཛིན་མ་ཐུབ་པའི་མཁས་པ་དགེ་འདུན་འོད་ཟེར་གྱིས་མཛད་པ་སྟེ། འདི་ནི་སློབ་མ་རྣམས་ཀྱིས་སྔ་རབས་ཀྱི་འགྲེལ་བ་རྩིང་པོ་ལྟ་བུ་མིན་པར། ཞིབ་བཤད་གྲངས་འདྲེན་རྟགས་སྦྱོར་སོགས་དགོས་པར་བསྐུལ་བ་ལྟར་ས་བཅད་གསལ་པོར་བཀོད་ཅིང་། ཚིག་ཉུང་ལ་དོན་ཟབ་ཅིང་། རིགས་པའི་ལམ་གྱི་རྟགས་སྦྱོར་གྱི་སྒོ་ནས་བསྟན་ཡོད་པ་ཡིན། འདིའི་མཛད་པ་པོའི་མཚན་མཇུག་བྱང་དུ་ཡི་གེ་མི་གསལ་ཡང་དཔར་སྐྲུན་པ་ནས་དགེ་འདུན་འོད་ཟེར་ཞེར་བཀོད་ཅིང་། འགྲེལ་པ་འདི་ཉེ་ཆར་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་རྙེད་པའི་བཀའ་གདམས་གསུང་འབུམ་གྱི་ཁྲོད་དུ་བཞུགས།  +
ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པའི་རྣམ་བཤད་ཟིན་བྲིས་འདི་ནི། གཞན་སྟོང་དབུ་མ་ཆེན་པོ་སྟོན་པའི་གཞུང་གཙོ་བོ་ཞིག་སྟེ། དེ་ཡང་ཇོ་ནང་མཁས་པ་ཏཱ་ར་ནཱ་ཐས་མཛད་པའི་རྩ་གཞུང་ཐོག་ དེའི་སློབ་མ་ཡེ་ཤེས་རྒྱ་མཚོ་ནས་ཟིས་བྲིས་རྒྱས་པ་མཛད་ཀྱང་། ལེའུ་མཐའ་མ་གཉིས་ཀྱི་ཟིན་བྲིས་མ་བཀོད་པའམ་ཉམས་གཏོར་སོང་བར་སྣང་བས། ཕྱིས་སུ་སྤྱི་ལོ་ ༡༨༩༤ ལ་མཁས་པ་ཆེན་པོ་བློ་བཟང་མཆོག་གྲུབ་རྒྱ་མཚོ་ནས་ཁ་སྐོང་བགྱིས་པ་སྟེ། འདིར་དབུ་མའི་གོ་དོན་དང་། དེ་བཞིན་དུ་ཤེས་བྱ་སྤྱིའི་རྣམ་གཞག རྣམ་ཤེས་ཚོགས་བརྒྱད་ཀྱི་སྐོར། ལྷག་པར་དོན་དམ་པའི་གནས་ལུགས་གཞི་ཁམས་ཀྱི་སྐོར་དང་། ལམ་གྱི་རིམ་པ་དང་འབྲས་སྐུ་དང་ཡེ་ཤེས་ཀྱི་སྐོར་སོགས་གསུངས་ཡོད་པ་ཡིན།  +
ཤོ་་བོ་གན་ཛོ་ (དམ་པའི་ཆོས་ཀྱི་མིག་གི་གན་མཛོད་) ནི་ཉི་ཧོང་གི་དུས་རབས་ ༡༣ པའི་ཟེན་ཆོས་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་བླ་མ་ དོ་ཇན་ ཀི་གན་་ནས་མཛད་པ་སྟེ། གཞུང་འདི་ཉིད་ཉི་ཧོང་གི་ཟེན་ཆོས་ལུགས་ཀྱི་རྩ་གཞུང་ཞིག་ཡིན་པ་དང་། འདིའི་ནང་དུ་རང་གི་སེམས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་དང་སྟོང་པ་ཉིད་ཀྱི་གནས་ཚུལ་སྟོན་པའི་མན་ངག་དང་ཐབས་མཁས་བསྟན་པའི་ཡིག་ཕྲན་མང་དུ་ཡོད་ཅིང་། རྒྱ་ནག་གི་སྐད་དུ་བརྩམས་པ་ ཤིན་ཇི་ཤོ་བོ་གན་ཛོ་དང་། ཉི་ཧོང་སྐད་དུ་བརྩམས་པ་ཀ་ན་ཤོ་བོ་གན་ཛོ་གཉིས་ཡོད་ཀྱང་། དེང་སང་ཤོ་བོ་གན་ཛོའི་མཚན་འདི་ཉིད་ཕྱི་མ་ལ་གཙོ་བོར་གོ་གི་ཡོད་པ་དང་། གཞུང་འདི་དཔེ་ཁ་མི་འདྲ་བ་དྲུག་ཡོད་པ་ཡིན།  +
ཕྱི་ནང་གྲུབ་མཐའི་རྣམ་བཞག་གི་བསྡུས་དོན་བློ་གསལ་ཡིད་ཀྱི་རྒྱན་བཟང་ནི། འཛམ་ཐང་གི་མཁས་པ་ངག་དབང་གྲགས་པ་ནས་མཛད་པ་སྟེ། འདིར་ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་གསལ་པོར་བཀོད་ཡོད་ཅིང་། དེ་ཡང་གྲུབ་མཐའ་སོ་སོའི་སྨྲ་བ་པོ་དང་རྩ་གཞུང་རྣམས་དང་། གཞི་ལྟ་བ་དང་། ལམ་སྒོམ་པ་དང་། འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་ཀྱི་ཚུལ་རྣམས་གྲུབ་མཐའ་རང་རང་སོ་སོའི་བཞེད་པ་བསྟན་ཡོད་ཅིང་། ཁྱད་པར་ནང་པ་སངས་རྒྱས་པའི་གྲུབ་མཐའི་རྩེ་མོ་དབུ་མ་པ་ལ། འཁོར་ལོ་བར་པ་ལ་བརྟེན་པའི་རང་སྟོང་གི་དབུ་མའི་གྲུབ་མཐའ་དང་། འཁོར་ལོ་མཐའ་ལ་ངེས་དོན་ལ་བརྟེན་པའི་གཞན་སྟོང་དབུ་མ་ཆེན་པོའི་གྲུབ་མཐའ་ཕྱེ་ནས་བསྟན་ཡོད་པ་ཡིན།  +
དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མ་ནི་ས་སྐྱའི་མཁས་པ་རེད་མདའ་བ་གཞོན་ནུ་བློ་གྲོས་ནས་མཛད་པ་སྟེ། འདིར་བརྗོད་བྱ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་དོན་ལེའུ་ལྔར་བསྟན་ཡོད་པ་རྣམས། རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་གྱི་སྒོ་ནས་བསྟན་ཡོད་ཅིང་། རྒྱུ་རྒྱུད་ལ་ཀུན་རྫོབ་དང་དོན་དམ་པའི་རྒྱུ་རྒྱུད་ཕྱེ་ནས་སེམས་ཉིད་འོད་གསལ་བའི་སྐོར་བཤད་པ་དང་། ཐབས་རྒྱུད་སྦྱོར་བ་ཡན་ལག་དྲུག་གི་དོན་གསུངས་པ་དང་། འབྲས་རྒྱུད་ཁྱབ་བྱེད་རྡོ་རྗེ་སྐུའི་རྣམ་བཞག་གསུངས་ཤིང་། དྲི་བཅས་དེ་བཞིན་ཉིད་དང་འབྲས་བུ་རྡོ་རྗེའི་སྐུ་གཉིས་གཅིག་མིན་པ་དང་། རྟག་བརྟན་རིགས་པས་དཔྱད་བཟོད་མིན་པའི་སྐོར་དང་། རང་སྟོང་གཞན་སྟོང་གྱི་སྐོར་གསུངས་ཡོད་པ་ཡིན།  +
གཞན་སྟོང་ཁས་ལེན་སེང་གེའི་ང་རོ་ནི་རྙིང་མའི་རིང་ལུགས་འཛིན་པ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་ས་བོན་ཙམ་མཛད་པའི་དཔྱད་རྩོམ་དེ་ འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཁ་སྐོང་མཛད་པ་སྟེ། རྩོམ་ཆོས་འདིར་བོད་དུ་གཞན་སྟོང་གི་ལྟ་གྲུབ་ལ་དགག་པ་མཛད་པ་རྣམས་ལ་ལན་གྱི་ཚུལ་དུ་ སྣང་སྟོང་བདེན་གཉིས་རྣམ་པར་བཞག་པའི་སྐབས་དང་། གནས་སྣང་བདེན་གཉིས་རྣམ་པར་བཞག་པའི་སྐབས་གཉིས་སུ་ཕྱེ་སྟེ། གནས་སྣང་བདེན་གཉིས་ཀྱི་སྐབས་སུ་བདེ་གཤེགས་སྙིང་པོ་རང་གི་ངོ་བོ་བླ་མེད་ཀྱི་ཆོས་ཀྱིས་མི་སྟོང་པར་གློ་བུར་གྱི་སྒྲིབ་མས་སྟོང་པའི་གཞན་སྟོང་འདོད་པ་འོས་པར་གསུངས་ཡོད་པ་ཡིན།  +
སྡོམ་གསུམ་རྣམ་ངེས་ནི་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་མཛད་པ་ཡིན་ཅིང་། དེ་ཡི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་གྱི་སྙེ་མ་ནི་སྨིན་གྲོལ་གླིང་གི་ལོ་ཆེན་དརྨ་ཤྲཱི་ཡིས་མཛད་ཅིང་། དེའི་བརྗོད་དོན་ཡང་ཕྱི་སོ་སོར་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་དཔའི་སྡོམ་པ། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་པ་སྟེ་སྡོམ་པ་གསུམ་གྱི་སྐོར་གསུངས་ཡོད་པ་དང་། བསྟན་བཅོས་འདིའི་མགོར་སྦྱང་གཞི་འཁོར་འདས་ཐམས་ཅད་ཀྱི་གཞི་ རྫོགས་པ་ཆེན་པ་ཡེ་ཤེས་སྤྱི་ཡི་གཟུགས་ཤེས་ ཁམས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་དང་། དེ་མངོན་དུ་བྱེད་པའི་ལམ་ཐེག་པ་རིམ་དགུ་སྟེ། ཕྱི་མཚན་ཉིད་ཐེག་པར་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ། ནང་ཀུན་འབྱུང་འདྲེན་པའི་ཐེག་པར་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་དང་། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པར་མཧཱ་ཨ་ནུ་ཨ་ཏི་གསུམ་བསྟན་ཡོད།།  +
ངེས་དོན་དབུ་མ་ཆེན་པོའི་ཚུལ་རྣམ་པར་ངེས་པའི་གཏམ་བདེ་གཤེགས་སྙིང་པོའི་རྒྱན་ནི་དགེ་རྩེ་མཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ནས་མཛད་པ་སྟེ། འདིར་ནང་པའི་གྲུབ་མཐའ་བཞིའི་འདོད་པ་དང་བྱུང་ཚུལ་དང་དེ་དག་གི་བཞེད་པ་འཁོར་ལོ་གསུམ་དང་སྦྱར་ནས་བཤད་དེ། བཀའ་འཁོར་ལོ་མཐའ་མ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོར་ངེས་དོན་སེམས་ཀྱི་རང་བཞིན་འོད་གསལ་སོ་སོར་རང་རིག་པའི་ཡེ་ཤེས་བསྟན་པ་འདི་ཉིད་གནས་ལུགས་མཐར་ཐུག་ཡིན་པ་དང་། དེ་བསྟན་པའི་དབུ་མ་གཞན་སྟོང་དེ་ཕྲ་བ་ནང་གི་དབུ་མ་མཐར་ཐུག་དང་། བཀའ་བར་པའི་དགོངས་དོན་གཙོ་བོར་བཏོན་པའི་ཐལ་རང་གི་དབུ་མ་སྟོང་ཉིད་མེད་དགག་ནི་རགས་པ་ཕྱིའི་དབུ་མ་ཞེས་གསུངས།  +
སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ནི། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་འགྲེལ་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དེ་ཡི་རྒྱ་ཆེར་བཤད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་སྟེ། འདིའི་བསྟན་དོན་རྒྱུད་ཀྱི་དགོངས་དོན་དྲང་དོན་དང་ངེས་དོན། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ། དགོངས་པ་ཅན་དང་དགོངས་པ་ཅན་མིན་པ་སྟེ་མཐའ་དྲུག་གི་སྒོ་ནས་ལེན་དགོས་པའི་སྐོར་བཤད་པ་དང་། ཕུང་ལྔ་དང་འབྱུང་ལྔ། སྒོ་གསུམ་ལ་སོགས་པ་དག་པ་ལྷའི་རང་བཞིན་དུ་གཏན་ལ་ཕབ་པ་དང་། སེམས་ཀྱི་རྡོ་རྗེ་འོད་གསལ་བའི་རང་ཡིན་པ་དང་། དེ་ལ་དེ་བཞིན་གཤེགས་པའི་ཡོན་ཏན་སྟོབས་བཅུ་མི་འཇིགས་པ་བཞི་སོགས་ཡོད་པར་གསུངས། འདིར་སློབ་དཔོན་ཀླུ་སྒྲུབ་ཉིད་ནང་རྒྱུད་ཀྱི་བསྟན་པ་འཛིན་པར་ཐུབ་པས་ལུང་བསྟན་པར་མདོ་སྡེ་ལང་ཀར་གཤེགས་པ་དྲངས་ནས་ཡོད།  +
ཟབ་མོ་ནང་གི་དོན་སྣང་བར་བྱེད་པའི་བསྟན་བཅོས་འདི་ནི་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ལེའུ་བཅུ་གཅིག་གི་བདག་ཉིད་ཅན་ཏེ། འདི་ཡི་བརྗོད་དོན་ལ་འཁོར་བ་འབྱུང་བའི་རྒྱུ་སྤྱིར་བསྟན་པ་དང་། འཁོར་བའི་ལུས་སྒྲུབ་ཚུལ། ནང་གི་རྩའི་རྣམ་གཞག རྩ་ལས་རྒྱུ་བའི་རླུང་གི་དབྱེ་བ། དེ་བཞིན་ཐིག་ལེ་གསུམ་གྱི་སྐོར། དེ་ལ་བརྟེན་པའི་རྣམ་ཤེས་དང་ཡེ་ཤེས་ཀྱི་རིམ་པ་དང་། ནང་གི་རྩ་རླུང་ཐིག་ལེ་སོགས་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་སྦྱར་ལུགས། དེ་དང་འབྲེལ་ནས་བསྐྱེད་རིམ་གྱི་ལྷ་རྣམས་དང་། ཆོས་ཀྱི་སྦྱོང་གཞི་སྦྱོང་བྱེད་དང་། ལམ་རིམ་དང་སྦྱར་ནས་བཤད་པ་དང་། རྩ་རླུང་སོགས་སྡུད་པའི་ཚུལ་བཅས་གསང་སྔགས་ཀྱི་གཞུང་ལས་བཤད་པའི་རྩ་རླུང་ཐིག་ལེ་སོགས་ཀྱི་དོན་རྒྱས་པར་གསུངས་ཡོད་པ་ཡིན།  +
བར་དོ་སྤྱིའི་དོན་ཐམས་ཅད་རྣམ་པ་གསལ་བར་བྱེད་པ་དྲན་པའི་མེ་ལོང་ནི། མཁས་གྲུབ་ཆེན་པོ་རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་མཛད་པ་སྟེ། འདིར་སྐྱེ་གནས་བར་དོ། རྨི་ལམ་བར་དོ། བསམ་གཏན་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ་དང་། སྲིད་པ་བར་དོ་སོགས་བར་དོ་དྲུག་དང་གཞན་ཡང་བར་དོའི་རྣམ་བཞག་མི་འདྲ་བ་རྣམས་བཀོད་ནས། བར་དོར་སངས་རྒྱས་པའི་ཐབས་རྣམས་གསལ་པོར་ཕྱོགས་གཅིག་ཏུ་ཉམས་སུ་ལེན་པའི་མན་ངག་གི་ཚུལ་དུ་བཀོད་ཡོད་པ་ཡིན།  +
ཤེས་བྱ་ཀུན་ཁྱབ་མཛོད་ནི་དུས་རབས་ ༡༩ པའི་ནང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པས་མཛད་པའི་གཞུང་སྟེ། བརྗོད་བྱ་གདུལ་བྱའི་ཞིང་དང་གདུལ་བྱ་སེམས་ཅན་བྱུང་ཚུལ་དང། འདུལ་བྱེད་སངས་རྒྱས་ལས་བརྩམས་ཏེ་སངས་རྒྱས་ཀྱི་ཆོས་ཐེག་པ་གསུམ་གྱི་ལམ་དང་། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་དང་། བསླབ་པ་གསུམ། དེ་བཞིན་མདོ་སྔགས་ཀྱི་ཆོས་ཚུལ་རྣམས་དང་། བོད་དུ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཆོས་ཇི་ལྟར་དར་བ་དང་། དེ་དག་གི་བསྟན་དོན་གྱིས་གཙོས། ཤེས་བྱའི་གནས་རྣམས་ཚིག་ཉུང་ལ་དོན་རྒྱས་པར་བཀོད་ཡོད་པ་ཡིན།།  +
ངེས་དོན་གྱི་ལྟ་སྒོམ་ཉམས་སུ་ལེན་ཚུལ་ཇི་ལྟ་བར་སྟོན་པ་རྡོ་རྗེའི་མདོ་འཛིན་ནི། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་མཛད་པའི་མན་ངག་གི་གཞུང་ཚིག་ཉུང་ལ་དོན་གསལ་བ་ཞིག་སྟེ། འདིར་ཆོས་ཉིད་མ་རྟོགས་ལོག་རྟོག་ཕྱོགས་ཙམ་རྟོགས་པའི་ཐེག་པ་དང་གྲུབ་མཐའ་རྣམས་མདོར་བསྡུས་སུ་བསྟན་ནས། གཞི་ཡི་གནས་ལུགས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་མདོ་རྒྱུད་རྣམས་སུ་མཚན་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཡོད་པ་དང་། གཞི་ལམ་འབྲས་བུའི་སྐབས་སུ་བསྟན་ཚུལ་དང་། དེ་ཉིད་ལམ་གྱི་རིམ་པར་ཉམས་སུ་ལེན་པའི་སྐབས་ཐ་མལ་གྱི་ཤེས་པ་རིག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒོམ་ཚུལ་གྱི་གདམས་ངག་རྣམས། བླ་མ་གཞན་གྱི་མན་ངག་གི་ལུང་དང་སྦྱར་ནས་བསྟན་ཡོད་པ་ཡིན།  +
མཉམ་མེད་དྭགས་པོའི་ཆོས་བཞིར་གྲགས་པའི་གཞུང་གི་འགྲེལ་པ་སྙིང་པོ་གསལ་བའི་རྒྱན་འདི་ནི། སྒམ་པོ་པའི་སློབ་མ་རིག་པའི་གནས་ལྔ་ལ་མ་མཁས་པ་ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ཀྱིས་མཛད་པ་སྟེ། དེ་ཡང་རྩ་ཚིག་ཚིགས་བཅད་མ་རྗེ་སྒམ་པོ་པའི་གསུང་ཇི་བཞིན་དུ་བྱང་ཆུབ་དངོས་གྲུབ་ནས་བཀོད་པ་དང་། དེའི་འགྲེལ་པ་བྱང་ཆུབ་དངོས་གྲུབ་རང་ནས་མཛད་ཅིང་། ཆོས་ཆོས་སུ་འགྲོ་བ་དང་། ཆོས་ལམ་དུ་འགྲོ་བ་དང་། ལམ་འཁྲུལ་པ་ཞི་བ་དང་། འཁྲུལ་པ་ཡེ་ཤེས་སུ་འཆར་བ་བཅས་གདམས་ངག་གནད་ཀྱི་གཟེར་བཞི་བསྟན་ཏེ་ལུང་རིགས་ཀྱིས་བརྒྱན་པའི་འགྲེལ་པ་ཞིག་ཡིན།  +
འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ་ནི། སངས་རྒྱས་ལང་ཀའི་ཡུལ་གྱི་རི་མ་ལ་ཡར་བྱོན་ནས་གསུངས་པས་མཚན་དེ་ལྟར་ཆགས་ཤིང་། མདོ་འདིར་སངས་རྒྱས་ཀྱི་ཞུ་བ་པོ་འཁོར་གཙོ་བོ་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་ལ་ཐེག་པ་ཆེན་པོའི་དོན་མང་དུ་གསུངས། མདོ་འདིར་བདེ་གཤེགས་སྙིང་པོའི་སྐོར་གསུངས་ཡོད་ཅིང་། ཀུན་གཞི་རྣམ་ཤེས་དང་མཚན་ཉིད་གསུམ་ལ་སོགས་པའི་ཐེག་པ་ཆེན་པོ་སེམས་ཙམ་པའི་རྣམ་བཞག་ཀྱང་གསུངས་ཡོད་པས་སེམས་ཙམ་བསྟན་པའི་མདོ་རུ་གྲགས། མདོ་འདིས་དེ་བཞིན་གཤེགས་པའི་སྙིང་པོ་དང་ཡོངས་གྲུབ་དོན་གཅིག་པར་གསུངས་ཤིང་། སེམས་ཀྱི་རང་བཞིན་འོད་གསལ་བ་ལ་ངོས་འཛིན་པ་དང་། བདག་མེད་པ་ལས་འདས་བདག་གི་རང་བཞིན་དུ་བསྟན་པ་དང་། རྟོག་གེའི་ཡུལ་ལས་འདས་པ་ཡིན་པ་དང་། མཚན་བཟང་པོ་སོགས་ཡོན་ཏན་རང་ཆས་སུ་ཡོད་པ་དང་། རྟག་པ་བརྟན་པ་ཞི་བ་ཐེར་ཟུག་ཡིན་པར་གསུངས། མདོ་འདི་ལེགས་སྦྱར་དང་། རྒྱ་ནག་གི་སྐད་དང་། བོད་སྐད་དུ་བཞུགས་ཡོད་པ་ཡིན།  +
མདོ་རྒྱུད་རིན་པོ་ཆེའི་མཛོད་ནི། དུས་རབས་ ༡༩ པའི་ཨ་མདོ་རེབ་སྐོང་གི་མཁས་པ་ཀློང་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ནས་མཛད་པ་སྟེ། སྐབས་ཉེར་ལྔའི་བདག་ཉིད་ཅན་གྱི་གཞུང་འདིའི་བརྗོད་དོན་ནི། དགེ་བའི་བཤེས་གཉེན་བསྟེན་ཚུལ་དང་ཆོས་འཆད་ཉན་བྱེད་ཚུལ་ལས་བརྩམས་ཏེ། བློ་ལྡོག་རྣམ་པ་བཞི། སྐྱབས་སེམས། ཐེག་པ་གསུམ་གྱི་གཞི་ལམ་འབྲས་བུ་དང་། ཞིང་ཁམས་ཀྱི་བཀོད་པ། རིག་པའི་གནས་བཅུ་སོགས་ཤེས་བྱའི་རྣམ་གཞག གྲུབ་མཐའི་དབྱེ་བ། རྒྱུད་སྡེ་བཞིའི་རིམ་པ་དང་། ནང་རྒྱུད་སྡེ་གསུམ་གྱི་ཚུལ། ལྷག་པར་དཔལ་གསང་བ་སྙིང་པོ་དང་མཚན་བརྗོད་ཀྱི་སྐོར་དང་། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་ཚུལ་རྣམས་རྒྱས་པར་གསུངས་ཡོད་པ་ཡིན།  +
ཞེ་ཆེན་མཁན་པོ་གང་ཤར་ནས་བརྩམས་པའི་ཟབ་ལམ་ཁྲིད་ཀྱི་མན་ངག་འཕྲད་ཚད་རང་གྲོལ་ནི། རྫོགས་པ་ཆེན་པོའི་སེམས་ཁྲིད་ཀྱི་མན་ངག་ཞིག་སྟེ། བརྗོད་དོན་སྔོན་འགྲོ་སེམས་སྦྱོང་གི་རིམ་པ་དང་། དངོས་གཞི་ངོ་སྤྲོད་ཀྱི་རྣལ་འབྱོར། རྗེས་ལམ་ཁྱེར་གྱི་གདམས་པ་བཅས་ཡོད་ཅིང་། སྔོན་འགྲོ་ལ་ཐུན་མོང་ འདིར་སྣང་ལ་ཞེན་པ་ལྡོག་པ། ལོག་ལམ་ལས་ཁྱད་པར་འབྱེད་པ། དམན་ལམ་ལས་ཁྱད་པར་འབྱེད་པ། སྡིག་སྒྲིབ་སྦྱོང་བྱེད། ཚོགས་བསགས་པ། ཉམས་རྟོགས་སྐྱེད་བྱེད་བཅས་དང་། སྒོ་གསུམ་ངོ་སྤྲོད་ཀྱི་པཎྜི་ཏའི་དཔྱད་སྒོམ་བསྟན་པའི་ཁྱད་པར་གྱི་སྔོན་འགྲོ་གཉིས་གསུངས། དངོས་གཞི་ལ་ཀུ་སཱ་ལིའི་འཇོག་སྒོམ་ སྒོ་གསུམ་སྐུ་གསུམ་དུ་ངོ་སྤྲོད་དང་སེམས་རིག་ཤན་འབྱེད་གཉིས་གསུངས་པ་དང་། རྗེས་ཀྱི་ལམ་ཁྱེར་ལ་ན་ཚ་ལམ་ཁྱེར། དགའ་སྡུག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། བར་དོ་ལམ་ཁྱེར། གཉིད་ལམ་ལམ་ཁྱེར་སོགས་གསུངས་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་པར་བཤད་པ་ནི། ས་སྐྱའི་མཁས་པ་ཆེན་པོ་རོང་སྟོན་ཤེས་བྱ་ཀུན་རིག་གམ་ཤཱཀྱ་རྒྱལ་མཚན་ནས་མཛད་པ་སྟེ། མཁས་པ་འདི་ཉིད་ཀྱི་བྱམས་ཆོས་སྡེ་ལྔའི་འགྲེལ་པ་དང་སྒོམ་རིམ་མཛད་ཡོད་པ་དེའི་གྲལ་ལས་ཡིན། འགྲེལ་པ་འདིར་སངས་རྒྱས་ཀྱི་ཡོན་ཏན་འདུས་མ་བྱས་ལ་རྣམ་པ་བཞིར་ཕྱེ་སྟེ་བཀྲལ་བ་དང་། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཀྱི་རང་བཞིན་རྣམ་པར་དག་པ་འོད་གསལ་བ་ལ་ངོས་འཛིན་པ་སོགས་བོད་སྔ་རབས་ཀྱི་མཁས་པ་རྣམས་ཀྱི་སྟོང་ཉིད་རྐྱང་པ་ལ་ངོས་འཛིན་པ་དང་དེ་བཞིན་སེམས་ཉིད་བདེན་གྲུབ་སངས་རྒྱས་ཀྱི་ཡོན་ཏན་རས་ཆས་སུ་ཡོད་པ་རྣམས་བཀག་ཡོད་ཡིན།  +
འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་ནི། དཀོན་མཆོག་བརྩེགས་པའི་ཁོངས་གཏོགས་ཏེ། བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་བཞུགས་སྐབས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་བཙུན་མོ་ཕྲེང་ལྡན་མའི་སྲས་མོ་ དཔལ་ཕྲེང་གྲོང་ཁྱེར་འཐབ་མེད་དུ་ཡོད་པ་ལ་ཞལ་གཟིགས་ཏེ། དཔལ་ཕྲེང་མ་འོངས་པར་སངས་རྒྱས་པ་དང་དམ་པའི་ཆོས་སྲུང་བའི་ལུང་བསྟན་བསྩལ་བ་དང་། དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་འོད་གསལ་བ་སྟོང་པའི་རང་བཞིན་ཏེ། གློ་བུར་གྱི་དྲི་མས་སྟོང་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་དང་མ་འབྲལ་བར་ཡོད་པ་དང་། ཕྱིན་ཅི་ལོག་བཞི་ནི་འདུས་བྱས་ལ་རྟག་བདེ་བ་གཙང་བདག་ཏུ་འཛིན་དུ་མི་རུང་བས་ཕྱིན་ཅི་ལོག་ཡིན་ཀྱང་། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་རྟག་པ་བདེ་གཙང་བདག་ཏུ་བཟུང་བ་ཕྱིན་ཅི་ལོག་མིན་པ་དང་། ཆོས་སྐུ་རྟག་བརྟན་ཞི་བ་ཐེར་ཟུག་པའི་རང་བཞིན་ཡིན་པར་བསྟན་ཡོད་པ་ཡིན། མདོ་འདི་རྒྱ་ནག་སྐད་དང་བོད་སྐད་དུ་འགྱུར་ཡོད་ཅིང་། ལེགས་སྦྱར་སྐད་ཐོག་ཡིག་རྙིང་ཆ་ཤས་ཙམ་ལས་ཡོངས་རྫོགས་མཇལ་རྒྱུ་མེད།  +
སྤྲིངས་ཡིག་བདུད་རྩིའི་ཐིག་ལེ་ནི་རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་རྒ་སྟོན་ཤེས་རབ་གྲགས་པ་ལ་སོགས་པའི་གཙང་ཁ་རུ་གསུམ་གྱི་དགེ་འདུན་ལ་གནང་བ་སྟེ། སྤྲིངས་ཡིག་འདིར་ ལོ་ཙཱ་ཆེན་པོ་ནས་ཚེ་མི་རྟག་ལས་བརྩམས་པའི་གདམས་པ། བརྩོན་འགྲུས་དང་བྱང་སེམས་སྙིང་རྗེ་སོགས་བསྐྱེད་དགོས་ཚུལ། རང་གཞན་ཐར་པའི་ལམ་དུ་དྲངས་དགོས་ཚུལ། ཚུལ་ཁྲིམས་སྲུང་དགོས་ཚུལ། བཤེས་གཉེན་བསྟེན་དགོས་ཚུལ། ལྷག་པར་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་སྟོང་པ་ཉིད་ཀྱི་ལྟ་བ་དངོས་དངོས་མེད་ཀྱི་འཛིན་པ་ཐམས་ཅད་ལས་འདས་པ་རྟོགས་དགོས་ཚུལ། དེ་ལ་བརྟེན་ནས་ཆོས་ལོངས་སྤྲུལ་བའི་སྐུ་འབྱུང་ཚུལ་སོགས་གསུངས་ཡོད་པ་ཡིན། འདིས་དེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཀྱི་ས་བོན་གྱི་ཚུལ་དུ་གསུངས་ཡོད།  +
ཏ་ཤེང་ཅི་ཟིན་ལུང་ (ཐེག་པ་ཆེན་པོ་མོས་པ་བསྐྱེད་པའི་བསྟན་བཅོས་)་ནི་དུས་རབས་ ༦ པ་ཙམ་ལ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པར་གྲགས་ཤིང་དུས་རབས་དེ་ཙམ་ན་སློབ་དཔོན་དོན་དམ་པས་ཐོག་མར་རྒྱ་ནག་གི་སྐད་དུ་བསྒྱུར་ནས་དར་ཁྱབ་ཆེར་བྱུང་པའི་རྒྱ་ནག་ལ་དར་བའི་གཞུང་ཞིག་སྟེ། ཕྱིས་སུ་སློབ་དཔོན་བསླབ་པ་དགའ་བས་ཀྱང་བསྒྱུར་ཞིང་། འདིའི་བསྟན་དོན་སྡེ་ཚན་ལྔའི་ཁོངས་སུ་སེམས་ཀྱི་རང་བཞིན་གཉིས་མེད་གནས་ཚུལ་དག་པ་དོན་དམ་པ་དེ་བཞིན་གཤེགས་པའི་སྙིང་པོ་དང་། དེ་ལས་མ་དག་པ་འཁྲུལ་པའི་སྣང་ཚུལ་ཀུན་གཞི་བྱུང་བ་དང་། འཁོར་འདས་དང་ཀུན་ཉོན་དང་རྣམ་བྱང་གི་ཚུལ་་དང་། དད་པའི་སྒོ་ནས་ཞི་ལྷག་ཟུང་འབྲེལ་གྱི་ལམ་སྒྲུབ་ཚུལ་དང་། ལམ་གྱི་འབྲས་བུ་རྣམས་བཤད་ཡོད་ཅིང་། ཡེ་སངས་རྒྱས་པའི་རྣམ་གཞག་གསལ་ཡོད་པའི་གཞུང་འདི་རྒྱ་ནག་ནས་བརྒྱུད་པའི་ནང་བསྟན་གྱི་ཆོས་ལུགས་རྣམས་ལ་རྩ་ཆེར་འཛིན་ཅིང་འཆད་ཉན་དང་འགྲེལ་པ་ཡང་་མང་དུ་ཡོད་པ་ཡིན། གཞུང་འདི་བོད་སྐད་དུ་འགྱུར་མེད་པར་སྣང་ཡང་། རྒྱའི་སློབ་དཔོན་ཝན་ཚིག་གིས་མཛད་པ་ འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོ་རྒྱ་ཆེར་འགྲེལ་པ། ལོ་ཙཱ་བ་འགོས་ཆོས་གྲུབ་ཀྱིས་བསྒྱུར་བ་དེར་གཞུང་འདི་ལན་གསུམ་དྲངས་ཡོད།  +
སངས་རྒྱས་ཀྱི་སྙིང་པོའི་རྣམ་བཤད་མདོ་རྒྱུད་སྙིང་པོ་ནི་ས་སྐྱའི་མཁས་པ་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་ནས་མཛད་པ་སྟེ། འདིར་ཤཱཀྱ་མཆོག་ལྡན་ནས་མདོ་དང་རྒྱུད་ནས་བཤད་པའི་སྙིང་པོའི་དོན་དང་། མདོ་ལ་ཡང་ཀླུ་སྒྲུབ་ནས་བརྒྱུད་པའི་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དང་། ཐོགས་མེད་ནས་བརྒྱུད་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་ཀྱི་བཤད་ཚུལ་བསྟན་ཏེ། བདེ་གཤེགས་སྙིང་པོ་མཚན་ཉིད་པ་ནི་སེམས་ཅན་སོ་སྐྱེ་དང་ཉན་ཐོས་སོགས་ལ་མེད་པར་། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཡན་ཆད་ལ་ཡོད་པའི་ཚུལ་རྣམས་གསུངས།  +
དབུ་མའི་བྱུང་ཚུལ་རྣམ་པར་བཤད་པའི་གཏམ་ཡིད་བཞིན་ལྷུན་པོ་ཞེས་བྱ་བའི་བསྟན་བཅོས་ནི། ས་སྐྱའི་མཁས་པ་པཎ་ཆེན་ཤཱཀྱ་མཆོག་ལྡན་ནས་མཛད་པ་སྟེ། འདིར་གྲུབ་མཐའ་སོ་སོའི་དབུ་མའི་གོ་དོན་དང་། རྣམ་པར་མ་བརྟགས་པ་སྒོམ་པས་ཉམས་སུ་མྱོང་བྱའི་དབུ་མ་དང་། རྣམ་པར་བརྟགས་པ་མཚན་འཛིན་གྱི་སྒྲོ་འདོགས་གཅོད་པའི་དབུ་མ། དེ་བཞིན་བཀའ་འཁོར་ལོ་བར་པ་གཙོ་བོར་བྱས་པའི་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པའི་དབུ་མ་དང་། བཀའ་འཁོར་ལོ་མཐའ་མའི་དགོངས་དོན་གསལ་བའི་ཐོགས་མེད་སྐུ་མཆེད་ནས་བརྒྱུད་པའི་བྱམས་ཆོས་ནས་བསྟན་པའི་དབུ་མ་དང་། རྒྱུད་སྡེ་རྣམས་ནས་སྟོན་པའི་གསང་བ་སྔགས་ཀྱི་དབུ་མ་སོགས་རྒྱ་བོད་དུ་དར་ཚུལ་བསྟན་ཅིང་། དབུ་མའི་དོན་དགག་བྱ་ཚད་མས་གྲུབ་པ་བཀག་པའི་སྟོང་ཉིད་མེད་དགག་ཙམ་འདོད་པ་མི་རུང་བས་བཤད་ཡོད།  +
ཟབ་མོ་གཞན་སྟོང་དབུ་མའི་བརྒྱུད་འདེབས་ནི། ཇོ་ནང་གི་མཁས་པ་ཆེན་པོ་ཏཱ་ར་ནཱ་ཐས་མཛད་པ་སྟེ། དེ་ཡང་ཐུབ་པའི་དབང་པོ་ནས་བྱམས་པ་ཐོགས་མེད་དབྱིག་གཉེན་ནས་མེེ་ཏྲི་པ་དང་དེ་ནས་རིམ་པར་དགའ་བ་གྲགས་པ། འབྱུང་གནས་ཞི་བ། སཛྫན། དགའ་བའི་རྡོ་རྗེ་དང་། དེ་ལས་བོད་དུ་བཙན་ཁ་བོ་ཆེ་ལ་སོགས་པ་ནས་རིམ་པར་ཏཱ་ར་ནཱ་ཐའི་བར་བརྒྱུད་པ་དང་། རིང་བརྒྱུད་ལ་དབྱིག་གཉེན་ནས། བློ་གྲོས་བརྟན་པ། ཡོན་ཏན་བློ་གྲོས་སོགས་ནས་རིམ་པར་མེེ་ཏྲི་པ་ལ་བརྒྱུད་པ་དང་། དེ་བཞིན་ཐུབ་པའི་དབང་པོ་ནས་ཕྱག་ན་རྡོ་རྗེ། དགྲ་གཅན་འཛིན། ཀླུ་སྒྲུབ། ཤ་བ་རི། དེ་ནས་མེེ་ཏྲི་པའི་བར་བརྒྱུད་པར་ཡང་གསུངས།  +
དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་འདི་ནི། རྗེ་རང་བྱུང་རྡོ་རྗེས་མཛད་པ་སྟེ། འདི་བསྟན་དོན་གཞི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་འཁོར་འདས་ཀྱིས་འདུས་པའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པར་བཤད་ཅིང་། ཁམས་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་སོགས་སྐུ་དང་ཡེ་ཤེས་རང་ཆས་སུ་ཡོད་པ་དང་། དེ་གློ་བུར་གྱི་ཆོས་ཀྱིས་སྟོང་པ་ཡིན་ཀྱང་བླ་མེད་ཡོན་ཏན་གྱིས་སྟོང་པ་མིན་པར་བསྟན་ཅིང་། རྗོད་ཚིག་མདོ་རྒྱུད་དང་བསྟན་བཅོས་ཀྱི་ཚིགས་རྣམས་བསྒྲིགས་ནས་གསུངས་ཡོད་ཅིང་། འདིའི་འགྲེལ་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཛད་ཡོད་པ་ཡིན།  +
དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་རྣམ་འགྲེལ་རང་བྱུང་དགོངས་གསལ་ནི། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་འགྲེལ་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། འཇམ་དབྱངས་དོན་གྲུབ་འོད་ཟེར་གྱི་གསུང་དང་ཞྭ་དམར་ལྔ་པའི་མཆན་གྱི་སྙིང་པོ་བླངས་ཏེ་མཛད་པ་སྟེ། འདི་བསྟན་དོན་གཞི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་འཁོར་འདས་ཀྱིས་འདུས་པའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པར་བཤད་ཅིང་། ཁམས་དེ་ལ་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་སོགས་སྐུ་དང་ཡེ་ཤེས་རང་ཆས་སུ་ཡོད་པ་དང་། དེ་གློ་བུར་གྱི་ཆོས་ཀྱིས་སྟོང་པ་ཡིན་ཀྱང་བླ་མེད་ཡོན་ཏན་གྱིས་སྟོང་པ་མིན་པར་བསྟན་ཅིང་། རྗོད་ཚིག་མདོ་རྒྱུད་དང་བསྟན་བཅོས་ཀྱི་ཚིགས་རྣམས་བསྒྲིགས་ནས་གསུངས་ཡོད།  +
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ནི། ཡུལ་བསྡུས་པ་ཞེས་ཀྱང་གྲགས་པ་སྟེ། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་ཉི་ཁྲི་ལྔ་པ་སོགས་ལས་བསྡུས་པས་དེ་ལྟར་གྲགས་ཤིང་། དེང་དུས་ལོ་རྒྱུས་སྨྲ་བ་རྣམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་རྣམས་ཀྱི་ནང་ནས་སྔོ་ཤོས་ཡིན་པར་འདོད་ལ། ཆོས་བརྒྱུད་འཛིན་པ་རྣམས་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཀླུ་ཡུལ་ནས་དྲངས་པ་ཡིན་པར་བཤད། བརྒྱད་སྟོང་པའི་མཇུག་ཏུ་བྱང་སེམས་རྟག་ཏུ་ངུའི་ལོ་རྒྱུས་རྣམས་ཡོད་པ་དང་།  +
གཞི་ཁམས་བདེ་གཤེགས་སྙིང་པོའི་ཚུལ་ཚིག་བསྡུས་ལ་དོན་ཟབ་པ་སྟོན་པའི་རྗེ་རང་བྱུང་རྡོ་རྗེས་མཛད་པའི་བདེ་གཤེགས་སྙིང་པོ་བསྟན་བཅོས་ཀྱི་འགྲེལ་པ་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པ།  +
རྒྱུ་དང་འབྲས་བུའི་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་དོན་རྣམ་པར་ངེས་པ་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ནི། འཛམ་ཐང་གི་མཁས་པ་ཆེན་པོ་ངག་དབང་བློ་གྲོས་གྲགས་པས་མཛད་པ་སྟེ། དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་དང་། ཏཱ་ར་ནཱ་ཐའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ལྟ་བུར་གཞན་སྟོང་དབུ་མ་ཆེན་པོ་བརྗོད་བྱར་བྱས་པའི་གཞུང་གཙོ་བོ་ཞིག་ཡིན། གཞུང་འདིའི་བརྗོད་བྱ་ཐེག་པ་ཆེན་པོ་མདོ་དང་སྔསགས་ཀྱི་གཞི་ལམ་འབྲས་བུ་གསུམ་བསྟན་ཅིང་། ལྷག་པར་གཞི་ཁམས་དེ་བཞིན་གཤེགས་པའི་སྙིང་པོའི་གནས་ལུགས་ཚུལ་རྣམ་པ་བཅུའི་སྒོ་ནས་གཏན་ལ་ཕབ་ཡོད་པ་ཡིན།  +
རྡོ་རྗེ་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེ་ཞེས་བྱ་བ་ནི། མདོ་སྡེ་སྣ་ཚོགས་ཀྱི་ཁྲོད་དུ་བཞུགས་པའི་ཐེག་པོ་ཆེན་པོའི་མདོ་ཞིག་ཡིན་ཀྱང་། འདིའི་མཚན་རྒྱ་སྐད་དུ་མེད་པ་�མ་ཚད། སྒྱུར་བྱེད་ཀྱི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་མེད་ཅིང་། ཚིག་གི་གྲོས་དང་ གསུངས་པའི་གནས་རྒྱལ་པོའི་མི་མཁར་རི་ཞེས་བྱ་བ་དང་། ཞུ་བ་པོའི་འཁོར་གྲོལ་ཐར། ཕོ་དགེ་བ་སོགས་ཀྱང་མདོ་གཞན་དང་མི་འདྲ་བར་ཡོད། མདོ་འདི་རྒྱ་ནག་དང་ཀོ་རི་ཡའི་ས་གནས་རྣམས་སུ་སྙིང་པོའི་བསྟན་པ་ལ་དར་ཁྱབ་ཆེར་བྱུང་ཡོད་པ་ཡིན།  +
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྣམ་པར་བཤད་པ་སྔོན་མེད་ལེགས་བཤད་ནི། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་པ་གསུམ་གྱི་ཡ་གྱལ་ཏེ། འདིར་ཤེས་རབ་སྙིང་པོའི་དགོངས་པ་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་ཡིན་པར་བསྟན་ཡོད་ཅིང་། གཟུགས་སོགས་སྟོང་པ་ཉིད་དུ་བསྟན་པ་དེ་མཚན་ཉིད་གསུམ་དང་སྦྱར་ནས། མེད་པའི་སྟོང་པ་ཉིད་དང་། ཡོད་པའི་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་གསུམ་གཏན་ལ་ཕབ་ཡོད་པར་བསྟན་ཅིང་། ཤེར་སྙིང་འདིར་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དངོས་པོ་བརྒྱད་པོ་ཡང་གསུངས་ཡོད་པར་འདོད་པ་ཡིན།  +
དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ནི། མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ཀྱི་དོན་བསྡུས་ནས་བསྟན་པའི་རྒྱུད་དེ། མཛད་པ་པོ་ཤམ་བྷ་ལའི་རིགས་ལྡན་འཇམ་དཔལ་གྲགས་པས་མཛད་པ་སྟེ། འདི་ལ་ལེའུ་ལྔ་ཡོད་ཅིང་། ཤོ་ལོ་ཀ་༡༠༣༠ ཙམ་ཡོད་པ་དང་། དེའི་བསྟན་དོན། ཕྱི་རྒྱུ་སྐར་གྱི་རྣམ་གཞག་དང་། ནང་སེམས་ཅན་དང་རྩ་ལུང་ཐིག་ལེའི་རྣམ་གཞག་དང་། སྨིན་བྱེད་ཀྱི་དབང་དང་། དུས་འཁོར་གྱི་ལྷ་སྒྲུབ་པའི་སྒྲུབ་ཐབས་དང་། ཡེ་ཤེས་ཀྱི་རྣམ་གཞག་རྣམས་བསྟན་ཡོད་པ་ཡིན། བསྡུས་རྒྱུད་འདི་ལ་རྒྱ་གར་ཏུ་དྲི་མེད་འོད་སོགས་དང་། བོད་དུ་འགྲེལ་པ་དུ་མ་ཡོད་ཅིང་། དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་གཞུང་གཙོ་བོ་ཡིན།  +
དབང་མདོར་བསྟན་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་ལེའི་གསུམ་པ་དབང་གི་ལེའུའི་དོན་བསྡུས་པ་སྟེ། བོད་ཀྱི་བཀའ་འགྱུར་རྣམས་སུ་དུས་འཁོར་གྱི་དཔེ་གྲལ་དུ་དཔེ་དང་པོར་བཞག་ཡོད་ཅིང་། དུས་ཀྱི་འཁོར་ལོ་ནས་གསུངས་པའི་བྱིས་པ་འཇུག་པའི་དབང་བདུན་དང་། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་བཅས་དབང་གོང་མ་བཞིའི་དོན་བསྟན་ཡོད།  +
རྒྱུད་བླའི་དོན་བསྡུས་སམ་བདེ་གཤེགས་སྙིང་པོའི་དོན་གསལ་ནི་ས་སྐྱའི་མཁས་པ་ཆེན་པོ་རེད་མདའ་བ་གཞོན་ནུ་བློ་གྲོས་ནས་མཛད་པ་སྟེ། གཞུང་ཆུང་འདི་ནི་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་བརྗོད་དོན་གཙོ་བོ་རྣམས་མདོར་བསྡུས་པའི་སྒོ་ནས་བསྟན་ཡོད་ཅིང་། འདིར་རྒྱུད་བླའི་དཀའ་གནད་རྣམས་ཀྱི་ཐད་དུ། རེད་མདའ་བའི་དགོངས་པ་ལེན་སྟངས་དང་འཇོག་མཚམས་བསྟན་ཡོད་པ་ཡིན། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་ངོས་འཛིན་པ་དང་། དེ་ལ་སྤྱིའི་མཚན་ཉིད་འོད་གསལ་བའི་ཡོན་ཏན་རང་ཆས་སུ་རྟག་པར་ཡོད་ཀྱང་། རང་གི་མཚན་ཉིད་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་འབྱུང་རུང་ལས་མེད་པ་དང་། དེ་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཀྱི་འོད་གསལ་བ་ལས་གཞན་པའི་དོན་དམ་པ་ཞིག་མེད་པ་དང་། སྙིང་པོ་བསྟན་པའི་མདོ་རྣམས་དགོངས་བཞི་དང་དགོས་པ་ཡོད་པའི་དྲང་དོན་བསྟན་པའོ་ཆོས་སུ་བཞེད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་མན་ངག་སྒོམ་ཚུལ་གྱི་རིམ་པ་མི་ཕམ་དགོངས་རྒྱན་ནི། ས་སྐྱའི་མཁས་པ་ཆེན་པོ་རོང་སྟོན་ཤེས་བྱ་ཀུན་རིག་ནས་མཛད་པ་སྟེ། འདིར་བསྟན་བཅོས་རྒྱུད་བླ་མའི་བརྗོད་དོན་བསྡུས་ནས་བསྟན་པ་མ་ཚད། རྒྱུད་བླ་མའི་རྡོ་རྗེའི་གནས་བདུན་པོ་ལམ་གྱི་རིམ་པའི་ཚུལ་དུ་ཉམས་སུ་ལེན་པའི་མན་ངག་གསུངས་ཡོད་པ་སྟེ། ཐོག་མར་ལམ་གྱི་སྤང་བྱ་སྒྲིབ་པ་བཞི་ངོས་འཛིན་ནས། ལམ་གྱི་འཇུག་སྒོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། དེ་ནས་གཉེན་པོ་བཞི་བསྒོམ་ནས།་འབྲས་བུ་གཙང་བདེ་རྟག་བདག་གི་རང་བཞིན་ཐོབ་པ་རྣམས་བསྟན་ཡོད་པ་ཡིན།  +
ཀུན་ཏུ་བཟང་པོའི་སྨོན་ལམ་སྟོབས་པོ་ཆེ་ནི། ཀུན་བཟང་སྨོན་ལམ་ཞེས་ཡོངས་སུ་གྲགས་པ་སྟེ། འདི་ནི་བྱང་གཏེར་བདག་པོ་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་ཆོས་དགོངས་པ་ཟང་ཐལ་གྱི་ཆོས་སྐོར་དུ་གཏོགས་པ། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུ་སྟོན་པའི་སྨོན་ལམ་ཞིག་སྟེ། འདིའི་བརྗོད་དོན་གཙོ་བོ་གཞི་ཡི་དབྱིངས་ལས་རིག་པས་སངས་རྒྱས་དང་མ་རིག་པས་འཁྲུལ་པ་འཁོར་བ་འཕྲོ་བའི་ཚུལ་དང་། མ་རིག་པའི་དབང་གིས་ཉོན་མོངས་པ་དང་ལས་བྱུང་སྟེ་སེམས་ཅན་གྱི་ཁམས་གྲུབ་ཚུལ་དང་། རིག་པའི་ཡེ་ཤེས་ངོ་འཕྲོད་པའི་དོན་དུ་སེམས་ཉིད་མ་བཅོས་རང་སོར་བཞག་སྟེ། རེ་དོགས་སྤང་བླང་གང་ཡང་མི་བྱེད་པར་རིག་ངོ་སྐྱོང་དགོས་པའི་སྐོར་གསལ་ཞིང་། སྨོན་ལམ་འདི་ཧི་མ་ལ་ཡའི་ནང་བསྟན་རྗེས་འཇུག་རྣམས་ནས་ཞལ་འདོན་གནང་གི་ཡོད་པ་ཡིན།  +
རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་དང་དེའི་འགྲེལ་པ་ཤིང་རྟ་ཆེན་པོ་ནི། གསང་སྔགས་རྙིང་མའི་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་པས་མཛད་པ་སྟེ། འདིའི་བསྟན་དོན་ནི་གཙོ་བོར་གསང་ཆེན་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་གཞག་དང་། ལྷག་པར་ལམ་གྱི་རིམ་པ་རྣམས་བློ་ལྡོག་རྣམ་པ་བཞི་དང་བཤེས་གཉེན་བསྟེན་ཚུལ་སྐྱབས་སེམས་ལས་བརྩམས་ཏེ་གསང་སྔགས་ཀྱི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་ལམ་གྱི་བར་རྒྱས་པར་བསྟན་པ་སྟེ། མདོ་སྔགས་ཟུང་དུ་འབྲེལ་བའི་གཞུང་འདི་ནི་རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ་གྱི་ཡ་གྱལ་ཅིག་ཡིན།  +
ཡིད་བཞིན་རིན་པོ་ཆེའི་མཛོད་དང་དེའི་རང་འགྲེལ་པདྨ་དཀར་པོ་ནི། གསང་སྔགས་རྙིང་མའི་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་པས་མཛད་པ་སྟེ། བསྟན་བཅོས་མཛོད་བདུན་གྱི་ཡ་གྱལ། བརྗོད་དོན་འཁོར་འདས་ཀྱི་གཞི་ལས་བརྩམས་ཏེ། འཁོར་བའི་གནས་དང་དེ་ལས་གྲོལ་བའི་ལམ། ལམ་གྱི་གྲོགས་བཤེས་གཉེན། ལམ་གྱི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི། ལམ་གྱི་དངོས་གཞི་སེམས་ཀྱི་ཁྲིད། འོད་གསལ་རྡོ་རྗེ་སྙིང་པོའི་མན་ངག་གི་བར་དང་། ལམ་གྱི་འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སོགས་བསྟན་ཡོད་པ་ཡིན།  +
གྲུབ་མཐའ་རིན་པོ་ཆེའི་མཛོད་ནི། གསང་སྔགས་རྙིང་མའི་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་པས་མཛད་པ་སྟེ། དེ་ཡང་ཀློང་ཆེན་པའི་བསྟན་བཅོས་མཛོད་བདུན་གྱི་ཡ་གྱལ་ཡིན་ཅིང་། འདིའི་བརྗོད་དོན་སྟོན་པའི་ལོ་རྒྱུས། བསྟན་པ་དམ་པའི་ཆོས་ཀྱི་རྣམ་གཞག་དང་གཞི་ལམ་འབྲས་བུ་དང་བཅས་པ་གསུངས་པ་དང་། ཐེག་པ་ཆེན་པོའི་རིགས་ཀྱི་ཐད་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་དང་། བསྟན་བཅོས་རྒྱུད་བླ་མའི་ལུང་དྲངས་ནས་བཀའ་ཐ་མ་ངེས་དོན་དང་། དེ་བཞིན་གཤེགས་པའི་སྙིང་པོ་སྟོང་གསལ་ཟུང་འཇུག་གི་གནས་ལུགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་ཆས་སུ་ཡོད་པར་གསུངས་ཡོད།  +
དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ནི་བདེ་གཤེགས་སྙིང་པོ་བསྟན་པའི་མདོ་གཙོ་བོ་ཞིག་སྟེ། སྟོན་པ་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རི་ལ་གསུངས་པར་གྲགས་པ་སྟེ། བསྟན་བཅོས་རྒྱུད་བླ་མའི་ནང་དུ་བདེ་གཤེགས་སྙིང་པོའི་དཔེ་དགུ་གསུངས་ཡང་མདོ་འདིའི་ནང་དུ་རྒྱས་པར་བཤད་ཡོད་ཅིང་། ཞུ་བ་པོ་གཙོ་བོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་བློ་གྲོས་ཡིན་ཅིང་། མདོ་འདི་རྒྱ་གར་ནས་རྒྱ་ནག་དང་བོད་སྐད་དུ་འགྱུར་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལེགས་བཤད་ཉི་མའི་འོད་ཟེར་ནི། དོལ་པོ་པ་ཤེས་རབ་རྒྱལ་མཚན་ནས་ཇོ་ནང་རི་ཁྲོད་དུ་ཐོགས་མེད་ཀྱི་འགྲེལ་པ་དང་མཐུན་པར་བརྩམས་པ་སྟེ། འདིར་གཞན་སྟོང་གི་རྣམ་གཞག་རྒྱ་ཆེར་བཤད་མེད་ཀྱང་། དེ་བཞིན་གཤེགས་པའི་སྙིང་པོའམ་ཆོས་དབྱིངས་དེ་བཞིན་ཉིད་ལ་གློ་བུར་གྱི་སྒྲིབ་པ་བསལ་བར་བྱར་མེད་པ་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམས་གསར་དུ་གཞག་པར་བྱར་མེད་པའི་ཚུལ་རྣམས་གསུངས་ཏེ། ཀུན་རྫོབ་ཀྱི་སྣང་བ་མེད་པ་རྫུན་པ་དང་། ཆོས་དབྱིངས་དོན་དམ་ཡོད་པར་བཞེད་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་གདམས་པ་ཞེས་པ་ནི། དཔལ་སྣར་ཐང་གི་གདན་རབས་ ༧ པ། བཀའ་གདམས་ཀྱི་བླ་མ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ནས་མཛད་པའི་གདམས་ངག་ཡིན་ཅིང་། བརྗོད་དོན་བསྟན་བཅོས་རྒྱུད་བླ་མ་རྒྱལ་ཚབ་བྱམས་པས་རྒྱ་གར་གི་པཎྜི་ཏ་བྱམས་པའི་མགོན་པོར་གནང་པའི་ལོ་རྒྱུས་དང་། རྒྱད་བླ་དང་ཆོས་ཉིད་རྣམ་འབྱེད་ཀྱི་དཔེ་མཆོད་རྟེན་བང་རིམ་བཞི་པ་ལས་གདན་དྲངས་པའི་སྐོར་དང་། འོད་གསལ་བདེ་གཤེགས་སྙིང་པོའི་སྐོར་ལ་ གཞི་སེམས་ཀྱི་རང་བཞིན་སངས་རྒྱས་ཡིན་པའི་ཁྲིད་དང་། རྟོག་པས་འཁོར་བར་འཁྲུལ་ཚུལ། གནས་སྐབས་གསུམ་དུ་སྙིང་པོ་ཁྱད་མེད་པར་གནས་པ་དང་། བླ་མ་སངས་རྒྱས་སུ་སུ་ཡིད་ཆེས་པ་དང་། རྡོ་རྗེའི་གནས་གསུམ་དང་། མཐར་དྲི་མ་དང་བྲལ་བའི་སྐོར་གྱི་པྲ་ཁྲིད་གནད་དོན་ཟབ་པ་རྣམས་གདམས་ངག་གི་ཚུལ་དུ་བཀོད་ཡོད་པ་ཡིན།།  +
ཤེར་སྙིང་གི་ཚིག་འགྲེལ་རྨད་དུ་བྱུང་བ་ནི། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་གསུམ་ཡོད་པའི་ཡ་གྱལ། ཚིག་གི་འགྲེལ་པ་སྟེ། འདིར་ཤེས་རབ་སྙིང་པོའི་དགོངས་པ་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོ་ཡིན་པ་དང་། གཟུགས་སོགས་སྟོང་པ་ཉིད་མཚན་ཉིད་གསུམ་དང་སྦྱར་ནས། མགོན་པོ་བྱམས་པས་གསུངས་པ་ལྟར། མེད་པ་སྟོང་པ་ཉིད། ཡོད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ཀྱི་གོ་བ་ལེན་དགོས་ཚུལ་སོགས་བསྟན་པ་དང་། ཤེས་རབ་སྙིང་པོ་འདི་ཤེར་ཕྱིན་གྱི་མདོ་ཕྲན་བུ་གཞན་ལས་རྩ་ཆེ་བས་གསུངས་ཡོད་པ་ཡིན།  +
འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་དཀའ་འགྲེལ་འགྲན་ཟླ་མེད་པའི་རྒྱལ་པོ་ཚིག་ལེའུར་བྱས་པ་ནི། ཇོ་ནང་གི་མཁས་པ་ཏཱ་ར་ནཱ་ཐས་མཛད་པ་སྟེ། འདིར་ཤེས་རབ་སྙིང་པོའི་འགྲེལ་པ་ཚིགས་བཅད་ཀྱི་སྒོ་ནས་མཛད་ཡོད་ཅིང་། དེ་ཡི་དགོངས་དོན་གཞན་སྟོང་དབུ་མ་ཆེན་པོའི་ཚུལ་དུ་བཀྲལ་ཡོད་པ་དང་། མདོ་ཡི་དོན་རྣམས་རྒྱལ་བའི་བཀའ་ཡི་དགོངས་པ་བསྡུས་པའི་སྒོ་ནས་དངོས་པོ་བརྒྱད་དང་སྦྱར་ནས་བཤད་ཅིང་། འགྲེལ་པ་འདི་ཉིད་ཤེས་རབ་རྒྱལ་མཚན་གྱིས་བསྐུལ་བའི་ངོར་རང་ལོ་ཉེར་དགུ་ལ་ཏཱ་ར་ནཱ་ཐས་བརྩམས།  +
ལུང་རིགས་གཉིས་ཀྱིས་ཕྱག་རྒྱ་ཆེན་པོའི་བཞེད་ཚུལ་ལ་འཁྲུལ་པ་སེལ་བའི་བསྟན་བཅོས་ཟུང་འཇུག་གྲུ་ཆེན་ནི། ས་སྐྱ་པཎ་ཆེན་ནས་སྡོམ་གསུམ་རབ་དབྱེའི་ནང་དུ་ད་ལྟའི་ཕྱག་རྒྱ་ཆེན་པོ་ལ་དགག་པ་མཛད་ཡོད་པ་དེ། ཀརྨ་དབང་ཕྱུག་དཔལ་གྱིས་ཤཱཀྱ་མཆོག་ལྡན་ལ་བཀོད་ཡོད་དེའི་ལན་དུ་བརྩམས་པ་སྟེ། འདིར་ཕྱག་རྒྱ་ཆེན་པའི་ངོ་བོ། རྣམ་གྲངས། ཡུལ་ཕྱག་རྒྱ་ཆེན་པོ། ཡུལ་ཅན་ཕྱག་རྒྱ་ཆེན་པོ་སོགས་གསལ་པོར་གསུངས་ནས། ཕྱི་རབས་ཀྱི་ས་སྐྱ་པ་འགས་ས་སྐྱ་པཎ་ཆེན་གྱི་དགོངས་པ་དེ་མ་རྟོགས་པ་དང་། ཕྱི་རབས་ཀྱི་བཀའ་བརྒྱུད་པས་སྒམ་པོ་པའི་ཕྱག་ཆེན་ཚུལ་བཞིན་མ་ཤེས་པ་དང་། ཕྱིས་ཀྱི་བཀའ་གདམས་པའི་རྗེས་འཇུག་ནས་བཀའ་གདམས་པའི་ཚུལ་མ་རྟོགས་པ་སོགས་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ནི་རྟོག་གེ་དང་རིགས་པས་དཔྱད་པའི་ལམ་གྱི་རྣམ་གཞག་རང་སྟོང་དང་གཞན་སྟོང་སོགས་མིན་པར་ནང་གི་མྱོང་བའི་ཐོག་ནས་གཏན་ལ་ཕབ་པ་ཡིན་པར་གསུངས་།  +
འཕགས་པ་ལང་ཀར་གཤེགས་པའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་འདི་ནི། མདོ་ཡི་འགྲེལ་བ་རྒྱས་པ་ཞིག་སྟེ། འགྲེལ་པ་འདིར་དྲང་དོན་ངེས་དོན་དང་། དགོངས་ལྡེམ་དགོངས་ལས་བརྩམས་ཏེ་སྟོན་པའི་བཀའ་ཡི་རྣམ་གཞག་དང་། དེ་བཞིན་བཀའ་བསྡུ་བ་པོ་དང་། སྣོད་ལྡན་འཁོར་དང་སློབ་མའི་བསྐོར་དོགས་དཔྱོད་མཛད་པ་མ་ཚད། མདོ་འདི་ཡི་བསྟན་དོན་མཐར་ཐུག་པ་ནི། རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་རྣམ་པར་སྤངས་པའི་རྣམ་པར་རིག་པ་ཙམ་གྱི་དབུ་མར་གཏན་ལ་ཕབ་ཡོད་པ་ཡིན།  +
ཕྱག་རྒྱ་ཆེན་པོའི་ཤན་འབྱེད་ཅེས་བྱ་བའི་བསྟན་བཅོས་ནི་ཤཱཀྱ་མཆོག་ལྡན་གྱིས་མཛད་པ་སྟེ། འདིར་རྗེ་སྒམ་པོ་པའི་ཕྱག་རྒྱ་ཆེན་པོའི་ཉམས་ལེན་བཤད་ཡོད་ཅིང་། ཚུལ་དེ་ཇི་བཞིན་མ་རྟོགས་པའི་ལུགས་ལྔ་ཕྱོགས་སྔར་བཀོད་དེ་དགག་པ་མཛད་ཅིང་། ཕྱག་རྒྱ་ཆེན་པོ་ནི་ཐོས་བསམ་དང་ཞི་གནས་སོགས་སྔོན་སོང་ལ་མ་ལྟོས་པར། བླ་མའི་བྱིན་རླབས་དང་སློབ་མའི་མོས་གུས། སྔ་མའི་ལས་འཕྲོ་སོགས་ལ་བརྟེན་ནས་ཉམས་མྱོང་སྐྱེ་རྒྱུ་ཡོད་པ་དང་། དེ་ཡང་རྩེ་གཅིག སྤྲོས་བྲལ། རོ་མཉམ། སྒོམ་མེད་བཞིའི་སྒོ་ནས་རྣལ་འབྱོར་དུ་བྱ་ཚུལ་སྐོར་གསུངས་ཡོད།  +
བཀའ་གདམས་ཀྱི་བླ་མ་སྣར་ཐང་གི་གདན་རབས་ ༧ པ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པའི་འདའ་ཀ་ཡེ་ཤེས་ཀྱི་འཆི་ཁ་མའི་མན་ངག་ནི། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལ་གཞི་བྱས་ཏེ། མི་གང་འཆི་བར་ཉེ་བ་ན་ སྐྱེས་བུ་རབ་ཀྱིས་བར་མ་དོར་མི་རྟོག་པ་མ་བུ་ངོ་འཕྲོད་དེ་ཕྱག་རྒྱ་ཆེན་པོ་མངོན་དུ་བྱེད་ཚུལ་དང་། འབྲིང་གིས་ཡི་དམ་བསྒོམ་ནས་འཁོར་བ་ལས་ཐར་ཚུལ་དང་། ཐ་མས་ཀྱང་ངན་སོང་ལས་ཐར་བའི་མན་ངག་གསུངས་ཡོད་པ་ཡིན། དེ་ཡང་གཙོ་འཆི་ཁའི་སེམས་ཀྱི་རྟོག་པ་དེ་གལ་ཆེ་བས་དེ་ལམ་དུ་བསྒྱུར་ཚུལ་གྱི་སྐོར་བཤད་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྡུས་དོན་ནི། བཀའ་གདམས་ཀྱི་མཁས་པ་ཕྱ་པ་ཆོས་ཀྱི་སེངྒེས་མཛད་པ་སྟེ། མཁས་པ་འདི་ཉིད་ཀྱིས་བསྟན་བཅོས་རྒྱུད་བླ་མའི་འགྲེལ་པ་ཤིན་ཏུ་རྒྱས་པ་ཞིག་མཛད་ཡོད་ཅིང་། བསྡུས་དོན་འདི་ནི་གཙོ་བོར་རྒྱད་བླ་མའི་འགྲེལ་དེ་ཡི་ས་བཅད་ཡིན་པ་དང་། ས་བཅད་སྤྱི་ལ་བསྟན་པ་དང་། བཤད་པ་དང་། ལུང་དང་སྦྱར་བ་སོགས་གསུངས་ཤིང་གལ་ཅན་གྱི་གནད་དོན་ཅུང་ཟད་རེ་བཤད་ཡོད་པ་ཡིན།  +
དཔལ་གསང་བ་འདུས་པའི་རྣམ་བཤད་རིན་པོ་ཆེའི་གཏེར་མཛོད་བདུན་པ་ནི། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་ནས་མཛད་པའི་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལམ་རིམ་པ་གཉིས་ཀྱི་རྣམ་པར་བཤད་པ་སྟེ། འདིར་མདོ་དང་སྔགས་ཀྱི་སྐབས་ཀྱི་ལྟ་བ་དང་དོན་དམ་པའི་གནས་ཚུལ་གྱི་རྣམ་གཞག་སོགས་རྒྱས་བསྟན་ཡོད་ཅིང་། བོད་སྔ་རབས་དང་ཕྱི་རབས་ཀྱི་དགོངས་པ་རྣམས་ཀྱང་དགག་བཞག་མཛད་ཡོད་པ་སྟེ། གཞུང་འདིའི་མཚན་རྣམ་པར་ཐར་པའི་སྒོ་ཉི་ཤུ་རྩ་གཅིག་པའམ་རང་གཞན་གྲུབ་མཐའི་ཤན་འབྱེད་དྲུག་ཅུ་རྩ་གསུམ་པ་ཞེས་ཀྱང་བཀོད་ཡོད་པ་ཡིན།  +
གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར་ནི། ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཛམ་ཐན་དགོན་པར་བཞུགས་དུས་སུ་མཛད་པའི་བདེ་གཤེགས་སྙིང་པོ་ཉམས་སུ་ལེན་པའི་མན་ངག་སྟེ། འདིར་ངེས་དོན་བདེ་གཤེགས་སྙིང་པོའི་ཆོས་ཚུལ་གྱི་བརྒྱུད་པ་དང་། ཐུན་མོང་མདོ་ལུགས་ཀྱི་སྒོ་ནས་བདེ་གཤེགས་སྙིང་པོའི་དོན་ཉམས་སུ་ལེན་ཚུལ་ བཀའ་བར་པ་དང་ཐ་མའི་དགོངས་དོན་དང་རྗེས་སུ་མཐུན་པར་སྟོང་པ་སྤྲོས་བྲལ་གྱི་ཆ་དང་འོད་གསལ་ཡེ་ཤེས་ཀྱི་ཆ་ནས་སྒོམ་ཚུལ་དང་། ཐུན་མིན་སྔགས་ཀྱི་ལུགས་སུ་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་སྒོམ་ཚུལ་སོགས་ཉམས་ལེན་སྦྱོར་དངོས་རྗེས་གསུམ་ཚང་བ་བསྟན་ཡོད་ཅིང་། གཙོ་བོར་གཞན་སྟོང་དབུ་མ་ཆེན་པོའི་ལུགས་སུ་གསུངས།  +
བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག་ནི། རྡོ་རྗེ་འཆང་གི་གསུང་གྲུབ་ཆེན་ཏི་ལི་པས་འོག་མིན་གྱི་གནས་ནས་སྤྱན་དྲངས་པར་བཤད་ཅིང་། དཔལ་ན་རོ་པ་ལས་བརྒྱུད་དེ། མར་པ་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་ཅིང་། འདིའི་བརྗོད་བྱར་ཕྱག་རྒྱ་ཆེན་པོའི་མན་ངག་དང་། ཟབ་ལམ་ནོ་རོ་ཆོས་དྲུག་གི་སྐོར་ཉམས་ལེན་བྱེད་སྟངས་གསུངས་ཡོད་ཅིང་། བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་གྲལ་དུ་ཤིན་ཏུ་གལ་ཆེ་བ་དང་། བྱིན་རླབས་ཆེ་བའི་རྒྱུད་གཞུང་དུ་འཛིན་པ་ཡིན།  +
ཕྱག་རྒྱ་ཆེན་པོ་ལྔ་ལྡན་རྟོགས་པའི་མགུར་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པའི་ཤིན་ཏུ་གྲགས་ཆེ་བའི་མན་ངག་གི་གཞུང་་ཐུང་ཞིག་སྟེ། འདིར་བརྗོད་དོན་བསམ་པ་བྱང་སེམས་ཕྱག་ཆེན། ཡི་དམ་ལྷ་སྐུའི་ཕྱག་ཆེན། བླ་མའི་མོས་གུས་ཕྱག་ཆེན། གནས་ལུགས་སེམས་ཉིད་ཕྱག་ཆེན་དང་། བསྔོ་བ་སྨོན་ལམ་ཕྱག་ཆེན་བཅས་ལམ་གྱི་མདོ་ལྔའི་ཚུལ་སྙན་ངག་གི་སྒོ་ནས་གཟུགས་རྒྱན་དང་སྦྱར་ཏེ་གསུངས་ཡོད་ཅིང་། ཚིགས་སུ་བཅད་པ་ལྔའི་གྲངས་ལྡན་ཞིག་ཡིན།  +
དེ་ཁོ་ན་ཉིད་བཅུ་པ་ནི་མངའ་བདག་མེེ་ཏྲི་པས་མཛད་པའི་གཞུང་བསྡུས་པ་ཞིག་སྟེ། འདིར་དེ་བ༷ཞིན་ཉིད་ཀྱི་གནས་ལུགས་འོད་གསལ་བ་དང་། ཤེས་བྱ་དང་ཤེས་བྱེད་ཀྱི་གཟུང་འཛིན་ལས་གྲོལ་་ཞིང་དངོས་དངོས་མེད་ཀྱི་མཐའ་ལས་འདས་པ་ལ་ངོས་འཛིན་ཅིང་། དེ་ཉིད་སེམས་ཙམ་རྣམ་བདེན་པ་དང་རྣམ་རྫུན་པ། དེ་བཞིན་དུ་བླ་མའི་མན་ངག་ལ་མ་བརྟེན་པའི་རིགས་པར་སྨྲ་བའི་དབུ་མ་པས་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་པར་གསུངས་ཤིང་། དེ་ཁོ་ན་ཉིད་གནས་པ་དང་དམིགས་པ་མེད་པར་ཉེར་བར་ཞི་བའི་ཚུལ་བསྟན་ཡོད་པ་ཡིན།  +
རྒྱུད་བླ་མའི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ནི། ཀརྨ་བཀའ་བརྒྱུད་ཀྱི་བཤེས་གཉེན། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སློབ་མ་བདུད་མོ་བ་བཀྲ་ཤིས་འོད་ཟེར་གྱིས་བརྩམས་པའི་འགྲེལ་པ་གོ་བདེ་ཞིག་ཡིན་ཅིང་། ཀརྨ་པ་གསུམ་པ་རྗེ་རང་བྱུང་རྡོ་རྗེས་རྒྱུད་བླ་མའི་བསྡུས་དོན་དང་སྦྱར་ནས་བརྩམས་ཡོད་པ་ཡིན།། འགྲེལ་པོ་འདིར་དོན་གསལ་ཞིང་ཚིག་མི་མང་བ་དང་། བསྟན་བཅོས་རྒྱུད་བླ་མ་ངེས་དོན་བསྟན་པའི་གཞུང་དུ་བཟུང་སྟེ། གཞི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ཉིད་གློ་བུར་གྱི་འཁོར་བའི་ཆོས་ཀྱི་སྟོང་ཡང་བླ་མེད་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་སོགས་ཀྱི་མི་སྟོང་པར་བཞེད་ཅིང་། རིགས་ཁམས་བདེ་གཤེགས་སྙིང་པོ་འདི་ཉིད། རྗེ་རང་བྱུང་རྡོ་རྗེའི་དགོངས་པའི་རྗེས་སུ་འབྲངས་ནས་ཐ་མལ་གྱི་ཤེས་པ་རང་བཞིན་ཡོངས་སུ་དག་པ་ལ་ངོས་འཛིན་མཛད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྡུས་པའི་དོན་ནི། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནས་མཛད་པར་འདོད་ཅིང་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་ཀྱི་དཔེ་གྲལ་དུ་བཙུད་ཡོད་པ་སྟེ། བསྡུས་དོན་ཞེས་བཀོད་ཀྱང་འདི་ཡང་ཕྱ་པ་ཆོས་སེང་གི་བསྡུས་དོན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བསྡུས་དོན་ལྟར་རྒྱུད་བླ་མའི་ས་བཅད་ཙམ་ཡིན་ཅིང་། འདི་ཉིད་བཙུན་པ་བསོད་ནམས་ཀྱི་ཊཱིཀྐ་ལས་ཕྱུང་ནས་ལོགས་སུ་བཀོལ་བའི་ཡི་ག་པ་ནི་རྒྱལ་མཚན་བཟང་པོ་ཞེས་བཀོད་ཡོད་པ་ལ་དཔག་ན། བཙུན་པ་བསོད་ནམས་རྒྱལ་མཚན་གྱིས་རྒྱུད་བླ་མའི་ཊཱིཀྐ་ཞིག་ཀྱང་མཛད་ཡོད་པར་མངོན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་པའི་དོན་ནི། ས་སྐྱ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པ་སྟེ། རྒྱ་ནག་ཏུ་རྒྱས་སྲས་ཀུ་བི་ལའི་ཕོ་བྲང་ཆེན་པོར་རྒྱུད་བླ་མའི་བཤད་པ་མཛད་པའི་སྐབས་བྲིས་པ་སྟེ། འདི་ནི་བསྟན་བཅོས་རྒྱུད་བླ་མའི་ས་བཅད་ཡིན་ཅིང་། བརྩམ་བྱ་གཞུང་གི་དོན་དང་། མཐར་ཕྱིན་པ་མཇུག་གི་དོན་གཉིས་ཀྱི་སྒོ་ནས་བསྟན་ཡོད་ཅིང་། གཞུང་གི་གོ་བ་ལེན་ཚུལ་དང་བདེ་གཤེགས་སྙིང་པོའི་སྐོར་བཞེད་ཚུལ་མི་འདྲ་བ་གང་ཡང་མེད།  +
རྒྱུད་བླ་མའི་ཚིག་དོན་རྣམ་པར་འགྲེལ་པ་ནི། མར་པ་ལོ་ཙཱ་བས་རྒྱ་གར་གྱི་སློབ་དཔོན་པ་ར་ཧི་ཏའི་དགོངས་པ་ལྟར་མཛད་པའི་འགྲེལ་པ་སྟེ། འདིའི་རྩོམ་འགྲོས་བོད་ཀྱི་འགྲེལ་པ་ལྟར་རྩ་གཞུང་གི་ཚིག་ཐད་ཀར་འགྲེལ་པ་མིན་པར་རྒྱ་གར་གྱི་འགྲེལ་པ་ལྟར་དོན་གྱི་བཤད་པ་མཛད་ཡོད་ཅིང་། རྔོག་ལོའི་འདོད་པ་དྲངས་ཡོད་པས་རྔོག་གི་འགྲེལ་པའི་རྗེས་སུ་བྱུང་བར་སྣང་ཞིང་། རྒྱུད་བླ་མའི་དགོངས་དོན་ཕྱག་ཆེན་དང་མཐུན་པར་བཀྲལ་ཡོད་པས་ཕལ་ཆེར་མེེ་ཏྲི་པའི་ལུགས་སུ་གདའ་ཞིང་། འདི་ཉིད་མར་པ་ཆོས་ཀྱི་བློ་གྲོས་ཀྱི་བཀའ་འབུམ་དུ་བཞུགས་ཡོད་ཀྱང་། མཁས་པ་འགའ་ནས་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་ཡིན་པར་འདོད་པ་ཡིན།  +
རྒྱུད་བླ་མའི་དཀའ་འགྲེལ་གནད་ཀྱི་ཟླ་འོད་ནི་རི་བོ་དགའ་ལྡན་པའི་བླ་མ་པཎ་ཆེན་བསོད་ནམས་གྲགས་པས་མཛད་པ་སྟེ། འགྲེལ་པ་འདིར་ཚིག་གི་འགྲེལ་པ་མེད་ཀྱང་དཀའ་བའི་གནད་རྣམས་དགག་བཞག་གི་སྒོ་ནས་རྒྱ་ཆེར་བཤད་ཡོད་ཅིང་། འདིར་བྱམས་ཆོས་རྣམས་ཀྱི་དགོངས་པ་བསྟན་ཡོད་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་མཁས་པ་གཞན་སྔ་རྒོལ་དུ་དྲངས་ནས་དགག་བཞག་མཛད་ཡོད་ཅིང་། གཤེགས་སྙིང་བསྟན་པའི་མདོ་ངེས་དོན་དང་། གཤེགས་སྙིང་རང་བཞིན་མེད་པའི་སྟོང་པ་མེད་དགག་ལ་བྱས་ཡོད་པ་ཡིན།  +
རྒྱུད་བླ་མའི་འགྲེལ་པ་ཊི་ཀ་ཉི་འོད་གསལ་བ་ནི། འབྲས་སྤུངས་དགོན་པའི་དཔེ་མཛོད་ནས་རྙེད་པའི་འགྲེལ་པ་ཞིག་སྟེ། འགྲེལ་པ་འདིའི་མཇུག་གི་ཤོག་ལེ་འགའ་ཆད་པས་མཛད་བྱང་མེད་ཀྱང་། འགྲེལ་པའི་མཚན་བཀོད་པའི་གདོང་ཤོག་དང་། འགོ་ཤོག་གི་མཆན་ལ་ལྷ་བྲག་པ་དྷརྨ་སེངྒེས་མཛད་པར་གསལ། འོན་ཀྱང་མཁས་པ་འདི་ཉིད་དུས་ནམ་ཙམ་བཞུགས་པ་ཆ་མ་འཚལ་ཞིང་། གཞུང་གི་བརྗོད་དོན་གཤེགས་སྙིང་ཡོན་ཏན་རང་ཆས་སུ་ཡོད་པ་དང་རྗོད་ཚིག་ལ་དཔག་ན་རྒྱུད་བླ་བཙན་ལུགས་སུ་འཆད་པའི་བཀའ་གདམས་ཀྱི་བླ་མ་ཞིག་ཡིན་པར་གསལ།  +
རྒྱུད་བླ་མའི་བསྡུས་དོན་རྟོན་པ་བཞི་ལྡན་མཁས་པ་དགའ་བྱེད་ནི་དུས་རབས་ ༡༤ པའི་ཀརྨ་བཀའ་བརྒྱུད་པའི་མཁས་པ་ཀརྨ་དཀོན་མཆོག་གཞོན་ནུས་མཛད་པའི་རྒྱུད་བླ་མའི་འགྲེལ་པ་རྟོན་པ་བཞི་ལྡན་མཁས་པ་དགའ་བྱེད་དང་འབྲེལ་བ་སྟེ། བསྡུས་དོན་འདི་ཉིད་དུ་གཙོ་བོ་རྒྱུད་བླ་མའི་ས་བཅད་བཀོད་ཡོད་པ་ཡིན།  +
རྒྱུད་བླ་མའི་སྤྱི་དོན་ནི་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གིས་མཛད་པ་སྟེ། འདིར་སེམས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་ལ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ་གསུངས་ཏེ། དེ་ཡང་འཁོར་བ་དང་མྱང་ངན་ལས་འདས་པའི་འགྱུར་བ་མེད་པ་དང་། གནས་སྐབས་གསུམ་དུ་འགྱུར་བ་མེད་པ་དང་། སེམས་ཀྱི་ཆོས་ཉིད་རྟོགས་པས་སངས་རྒྱས་པར་བསྟན་པ་བཅས་གསུམ་གྱིས་སྒོ་ནས་རྒྱུད་བླ་མ་ནས་གསུངས་པའི་མན་ངག་རྣམས་ཉམས་སུ་ལེན་ཚུལ་གསུངས་ཤིང་། སེམས་ཀྱི་ཆོས་ཉིད་འོད་གསལ་བ་སྒྲིབ་མས་རང་བཞིན་ལ་མ་བསྒྲིབས་པའི་ཚུལ། དེ་མ་རྟོགས་པ་ལ་སྙིང་རྗེ་སྐྱེ་བ་ལ་སོགས་པ་གསུངས་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་དགོངས་པ་ངེས་གསལ་ནི། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ་སྟེ། ཁ་གསལ་ཞིང་གོ་བདེ་བའི་འགྲེལ་པ་འདིར་མཚན་དོན་སོགས་རྒྱས་པར་བཤད་ཅིང་། གློ་བུར་གྱི་ཉོན་མོངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་མེད་པ་དང་། རྣམ་བྱང་གི་ཡོན་ཏན་རྣམས་མངོན་གྱུར་གྱི་ཚུལ་དུ་མིན་པར་ས་བོན་གྱི་ཚུལ་དུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡོད་པར་གསུངས་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་ཟིན་བྲིས་བྱམས་མགོན་དགོངས་པ་ཕྱིན་ཅི་མ་ལོག་པ་ནི། འཕྲིན་ལས་བཟང་པོའི་ལན་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་སྟེ། འདིར་དེ་བཞིན་གཤེགས་པའི་སྙིང་པོ་ངེས་དོན་མཐར་ཐུག་ཏུ་འདོད་ཀྱང་། བདེ་གཤེགས་སྙིང་པོ་འདུས་མ་བྱས་པའི་གཙང་བདེ་རྟག་བདག་གི་རང་བཞིན་ངོ་བོ་ཉིད་སངས་རྒྱས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་པ་བཀག་ནས། རང་ལུགས་བདེ་གཤེགས་སྙིང་པོ་ལ་ཆོས་སྐུ་དང་། དེ་བཞིན་ཉིད་དང་། རིགས་བཅས་གསུམ་དུ་ཕྱེ་ནས་དཔེ་དགུ་པོ་ཡང་སོ་སོར་སྦྱར་དགོས་པ་དང་། སེམས་ཅན་གྱི་སྙིང་པོ་ལ་ཡོན་ཏན་རང་ཆས་མེད་པར་འབྱུང་རུང་ཡིན་སོགས་བཤད་ཡོད།  +
རྒྱུད་བླ་མའི་ས་བཅད་མཚུངས་མེད་ལེགས་བཤད་དམ་ རྒྱུད་བླ་མའི་བསྡུས་དོན་གྱི་ས་བཅད་ས་མ་ཊིག་ཁྱད་འཕགས་མཚུངས་མེད་ལེགས་བཤད་ནི། བཀའ་གདམས་གསུང་འབུམ་གྱི་ཁྲོད་དུ་ཡོད་ཅིང་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གིས་མཛད་པར་་འདོད་ཅིང་། འདིར་རྒྱུད་བླ་མའི་བསྟན་དོན་རྩ་བའི་ས་བཅད་གསུམ་གྱིས་སྒོ་ནས་གསུངས་ཏེ། གང་ཞིག་འགྱུར་འཛུགས་མཚན་ཕྱག་དོན། གང་ཡང་འགྱུར་མཛད་གཞུང་བྱས་དོན་དང་། གང་གིས་འགྱུར་རྫོགས་ལོ་པཎ་དོན་གསུམ་གྱིས་ཁོག་དབུབ་སྟེ། འགོ་མཇུག་གི་རྩོམ་རྣམས་བྱ་དཀའ་བའི་སྒྲ་རྒྱན་བཅས་མཛད་ཡོད་པ་ཡིན།  +
རྒྱུད་བླ་མའི་བསྟན་བཅོས་གསལ་བྱེད་ནི་རྒྱུད་བླ་མའི་འགྲེལ་པ་ཞིག་སྟེ། འབྲས་སྤྲུངས་གནས་བཅུའི་ལྷ་ཁང་ནས་ཉེ་ཆར་ཐོབ་པའི་དཔེ་ཞིག་ཡིན་ཅིང་། བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་མཛད་པ་པོ་རྣམས་ནས་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གི་གསུང་གྲལ་དུ་བཞག་ཡོད་ཀྱང་། འགྲེལ་པ་འདིའི་ནང་རྡོ་རྗེ་གནས་བདུན་པོའི་དོན་དམ་དང་ཀུན་རྫོབ་ཀྱི་དབྱེ་བ། དེ་བཞིན་དུ་སེམས་ཅན་ལ་ཆོས་སྐུའི་འཕྲིན་ལས་ཀྱིས་ཁྱབ་པའི་འགྲེལ་བཤད་སོགས་ལས་དཔག་ན། འདི་ནི་རྒྱལ་ཚབ་དར་མ་རིན་ཆེན་གྱི་དགོངས་པ་དང་མཐུན་པའི་ཕལ་ཆེར་ཕྱིས་ཀྱི་དགེ་ལུགས་ཀྱི་མཁས་པ་ཞིག་གིས་མཛད་པ་འདྲ་བར་སྣང་ཡང་མཛད་བྱང་མེད་པས་མཐའ་གཅིག་ཏུ་བརྗོད་དཀའ་བར་འདུག།  +
བསྟན་བཅོས་རྒྱུད་བླ་མའི་གདམས་ངག་བསམ་མི་ཁྱབ་པའི་ཡི་གེ་ནི་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་ཚོགས་ནས་ཐོབ་ཅིང་ཉེ་ཆར་བཀའ་གདམས་གསུང་འབུམ་གྱི་ཁོངས་སུ་དཔེ་སྐྲུན་བྱས་པ་སྟེ། འདི་ཉིད་བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་མཛད་པ་པོ་ནས་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གི་གསུང་གྲལ་དུ་འཇོག་ཀྱང་། བརྗོད་བྱ་ལ་བལྟས་ན་ཕལ་ཆེར་སྔར་གྱིས་བླ་མ་ཟུལ་ཕུ་བའི་སློབ་མ་ཆོས་ཤེ་ཞེས་པ་ཞིག་གིས་མཛད་པར་སྣང་ཞིང་། འདིའི་བསྟན་དོན་ལ་རྒྱུད་བླ་མ་ལ་བརྟེན་ནས་ཆོས་ཉིད་དང་འོད་གསལ་ཉམས་སུ་ལེན་ཚུལ་གྱི་མན་ངག་ཤིན་ཏུ་ཟབ་པ་ཡོད་ཅིང་། མཇུག་ཏུ་རྒྱུད་བླ་པཎྜི་ཏ་བྱམས་པ་མགོན་པོ་ནས་རིམ་པར་བརྒྱུད་པའི་ལོ་རྒྱུས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་གསུང་པ་དང་ཕལ་ཆེར་འདྲ་བ་ཞིག་ཀྱང་ཡོད།  +
བྱམས་པ་དང་འབྲེལ་བའི་ཆོས་ཀྱི་བྱུང་ཚུལ་ནི། དཔལ་སྣར་ཐང་གི་མཁས་པ་བཅོམ་ལྡན་རིག་པའི་རལ་གྲི་ནས་མཛད་པ་སྟེ། འདིར་བྱམས་ཆོས་སྡེ་ལྔ་ཇི་ལྟར་བྱུང་བ་དང་དེའི་དགོངས་དོན་སྐོར་མདོ་ཙམ་དང་། མངོན་རྟོགས་རྒྱན་སོགས་ཀྱི་འགྲེལ་པ་ཇི་ལྟར་བྱུང་བ་སློབ་དཔོན་རྣམས་ཀྱི་མཚན་དང་། དེ་བཞིན་སྐབས་དེའི་རྒྱལ་པོ་རྣམས་ཀྱི་མཚན་བཀོད་ཡོད་ཀྱང་། བསྟན་བཅོས་རྒྱུད་བླ་མའི་བརྒྱུད་ཚུལ་སྐོར་གང་ཡང་མི་གསལ།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་དོན་གྱི་སྙིང་པོ་གསལ་བྱེད་ཀྱི་སྣང་བ་ཆེན་པོ་ནི། ཅོ་ནེ་གྲགས་པ་བཤད་སྒྲུབ་ནས་མཛད་པ་སྟེ། འདིར་རྒྱུད་བླ་མའི་བརྗོད་དོན་རྡོ་རྗེ་གནས་བདུན་གྱི་རྣམ་བཞག་ མཚན་ཉིད་དང་དབྱེ་བ་ལ་སོགས་པའི་སྒོ་ནས་བསྡུས་ཏེ་བསྟན་ཡོད་ཅིང་། གཞུང་འདིའི་བརྗོད་བྱ་ངེས་དོན་ཡིན་པ་དང་། དེ་ཡང་རང་བཞིན་གནས་རིགས་སེམས་ཀྱི་སྟོང་ཉིད་ཀྱི་ཆ་དང་། རྒྱས་འགྱུར་གྱི་རིགས་ངེས་འབྱུང་སྙིང་རྗེ་བྱང་སེམས་སོགས་འདུས་བྱས་ཀྱི་འདུས་པའི་སེམས་སེམས་བྱུང་གི་ཆ་སངས་རྒྱས་ཐོབ་རུང་གི་ནུས་པ་བཤད་ཡོད།  +
རང་སྟོང་དང་གཞན་སྟོང་གི་ཁྱད་པར་ཅུང་ཟད་བརྗོད་པ་ཚུལ་གཉིས་རྣམ་གསལ་ལུང་རིགས་སྒྲོན་མེ་ནི། ཇོ་ནང་གི་རྗེས་འཇུག་སློབ་མ་འགའ་ཡིས་བསྐུལ་བའི་ངོར་བྲག་དཀར་སྤྲུལ་སྐུ་དཔལ་ལྡན་བསྟན་འཛིན་སྙན་གྲགས་ནས་མཛད་པ་སྟེ། འདིར་རང་སྟོང་དང་གཞན་སྟོང་གི་ལྟ་བའི་ཁྱད་པར་བཤད་ཅིང་། གཙོ་བོར་གཞན་སྟོང་ལ་ཆོས་ལུགས་ཕྱོགས་ཞེན་གྱིས་དགག་པ་མཛད་པ་རྣམས་ཀྱི་རྩོད་སྤོང་མཛད་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་ཟིན་བྲིས་ཏཱི་ཀཱ་ནི་མཚན་བྱང་དུ་སྟག་ལུང་ཆོས་རྗེས་མཛད་པ་ཞེས་ཡོད་ཀྱང་། སྟག་ལུང་ཆོས་རྗེ་སུ་ཡིན་ཆ་མ་འཚལ་ཞིང་། འགྲེལ་པའི་མཛད་བྱང་ན་གང་ཡང་བཀོད་མེད། འོན་ཀྱང་འགྲེལ་པ་འདིར་རྒྱུད་བླ་མའི་ལོ་རྒྱུས་དང་། དེ་བཞིན་རྒྱ་བོད་ཀྱི་གཞུང་དྲངས་པ་དང་དགག་བཞག་མཛད་ཡོད་ཅིང་། དགོངས་པ་གཙོ་བོར་བཙན་ལུགས་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉིད་འོད་གསལ་བར་གཏན་ལ་ཕབ་པ་དང་། རྡོ་རྗེ་གནས་བདུན་པོར་དོན་དམ་དང་ཀུན་རྫོབ་ཏུ་ཕྱེ་བ་དང་། དེ་བཞིན་ཆོས་སྐུས་དངོས་པོ་ཀུན་ལ་ཁྱབ་པར་བཤད་པ་སོགས་ཐུན་མོང་མ་ཡིན་པ་གསུངས་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་ནི། རི་བོ་དགའ་ལྡན་པའི་བླ་མ་རྫེ་སྨད་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས་ཀྱིས་མཛད་པ་སྟེ། འདི་ནི་རྒྱུད་བླ་མའི་རྩ་ཚིག་ལ་མཆན་བསྡུས་པ་རེ་བཀོད་པ་མ་གཏོགས་རྒྱ་ཆེའི་འགྲེལ་པ་དང་བཤད་པ་གང་ཡང་མེད་ཅིང་། དཔེ་འདི་རྒྱ་གར་དུ་ལྕགས་དཔར་ལ་བསྐྲུན་པ་ཞིག་ཡིན།  +
རྒྱུད་བླ་མའི་བསྡུས་དོན་རིན་ཆེན་སྒྲོན་མེ་ནི། མཚོ་སྔོན་མཚོ་ཤར་ཁུལ་གྱི་གཅན་ཚ་མ་ཎི་དགོན་པར་ ཡེ་ཤེས་རྒྱ་མཚོ་ཡིས་ སྤྱི་ལོ་ ༡༩༩༢་ལ་མཛད་པ་སྟེ། བསྡུས་དོན་འདི་ནི་རྒྱུད་བླའི་འགྲེལ་པ་ཡིན་པ་དང་། དགོངས་དོན་ཕལ་ཆེར་རྒྱལ་ཚབ་དར་མ་རིན་ཆེན་གྱི་འགྲེལ་པ་ལྟར་བཀོད་ཡོད་ཅིང་། རྡོ་རྗེ་གནས་བདུན་པོ་དོན་དམ་དང་ཀུན་རྫོབ་གཉིས་སུ་ཕྱེ་བ་དང་། ཚིག་དོན་གོ་བདེ་བ་ཞིག་ཡོད། འགྲེལ་པའི་དཔར་ཤིང་ཨཱོ་བསྭོ་བཀྲ་ཤིས་ཆོས་རྫོང་དུ་ཡོད་པར་བཀོད་འདུག  +
རྒྱུད་བླ་མའི་འགྲེལ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་ནི། ཞང་སྟོན་བསོད་ནམས་གྲགས་པས་དཔལ་སྡིངས་སུ་མཛད་པ་སྟེ། འགྲེལ་པ་འདིར་ལམ་གྱི་རྣམ་གཞག སྐྱབས་འགྲོའི་རྣམ་གཞག་སོགས་རྒྱས་པར་བཤད་ཅིང་ ཀུན་གཞི་སངས་རྒྱས་ཀྱི་སྙིང་པོ་མིན་པ་དང་། སངས་རྒྱས་ཀྱི་སྙིང་པོ་སྨད་པའི་ཉེས་དམིགས། བསྟན་པའི་ཕན་ཡོན་སོགས་རྒྱས་པར་བཤད་པ་མ་ཟད། བདེ་གཤེགས་སྙིང་པོ་དོན་དམ་པར་ཡོད་ཅིང་། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་གི་ཚུལ་རྣམས་རྒྱས་པར་བཤད་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཞེས་བྱ་བའི་མཆན་འགྲེལ་གྱི་མཆན་བུ་ནི། དུས་རབས་ ༢༠ པའི་ཕན་པོ་ནལནྡྲའི་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་གྱིས་བཀོད་པའི་རྒྱུད་བླ་མའི་མཆན་བུ་གཞུང་གི་རྩ་བའི་ཐོག་ཏུ་ཕྱོགས་གཅིག་ཏུ་བསྒྲིགས་པ་སྟེ། འདིར་ལྟ་བའི་འཛིན་མཚམས་དང་དགག་སྒྲུབ་གང་ཡང་མེད་ཅིང་། གསུང་འབུམ་པོད་ ༡༣ པ་དེའི་གྲལ་དུ་བཞུགས།  +
རྒྱུད་བླ་མའི་འགྲེལ་བ་རིན་པོ་ཆེའི་སྣང་བ་ནི། ཤར་རྒྱལ་བ་ཙོང་ཁ་པའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་ནས་མཛད་པ་སྟེ། འགྲེལ་པ་རྒྱས་བསྡུས་མཚམས་པོ་ཡིན་པར་གསུངས་ཤིང་། རྒྱུད་བླ་མའི་དགོངས་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ལ་ཡོད་པའི་ཆོས་དབྱིངས་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་ཆས་སུ་ཡོད་པར་བཀྲལ་ཞིང་། སྔར་གྱི་མཁས་པ་མང་པོའི་འདོད་པ་བཀོད་དེ་དགག་བཞག་མཛད་པ་དང་། སྟོན་པའི་ལོ་རྒྱུས། ཐོགས་མེད་ཀྱི་ལོ་རྒྱུས་དང་བསྟན་བཅོས་འཆད་ཉན་བྱ་ཚུལ་སོགས་གཞུང་གི་ཆ་ལག་ཀྱང་མང་དུ་གསུངས་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ཚིག་འགྲེལ་ཐུབ་བསྟན་ཡར་རྒྱས་ནི། དེང་རབས་ཀྱི་མཁས་པ་དམུ་དགེ་བསམ་གཏན་རྒྱ་མཚོ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པ་སྟེ། འདི་ཚིག་འགྲེལ་བསྡུས་ཞིང་གོ་བདེ་ལ། དགོངས་པ་རྒྱལ་ཚབ་དར་མ་རིན་ཆེན་གྱི་ཊིཀྐཱ་དང་མཐུན་པར་བཀྲལ་ཡོད་ཅིང་། སྙུན་ཆེ་བས་མཐའ་མ་རྫོགས་པར་འཕྲོ་ཅན་དུ་བཞག་སྟེ་མཇུག་བྱང་མཛད་ཡོད་པ་ཡིན།  +
རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་བཤད་བདེ་གཤེགས་སྙིང་པོའི་མཛེས་རྒྱན་ནི། དགའ་ལྡན་ཁྲི་པ་ཆོས་རྗེ་བློ་གྲོས་བརྟན་པས་མཛད་པ་སྟེ། འགྲེལ་པ་འདི་ཚིག་གསལ་ཞིང་གོ་བདེ་བ། རྩ་ཚིག་གི་འགྲེལ་པ་དང་དགག་བཞག་ཀྱང་མང་དུ་ཡོད་ཅིང་། ས་པཎ་དང་དོལ་པོ་པ་སོགས་བཀག་ནས་ རྒྱུད་བླ་མའི་དགོངས་གཙོ་བོར་རྒྱལ་ཚབ་དར་མ་རིན་ཆེན་གྱི་དགོངས་པ་དང་མཐུན་པར་བཀྲལ་ཡོད་པ་སྟེ། སངས་རྒྱས་ཀྱི་་སྙིང་པོ་སེམས་ཀྱི་ཆོས་དབྱིངས་ལ་ངོས་འཛིན་ཅིང་། དེ་བསྟན་པ་ངེས་དོན་དང་། སྟོབས་དང་ཚན་དཔེ་སོགས་འབྱུང་རུང་ཡིན་ཀྱང་། དེ་ཐོག་མ་ནས་རང་ཆས་སུ་ཡོད་པ་དེ་དྲང་དོན་དུ་བཞེད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་དཀའ་གནད་ཀྱི་མཐའ་དཔྱད་མུན་སེལ་ནི་བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་བཞི་པའི་ནང་དུ་ཡོད་ཅིང་། འདིའི་མཛད་པ་པོ་སུ་ཡིན་ཡི་གེ་མི་གསལ་ཡང་བརྗོད་དོན་ནི། རྒྱུད་བླ་མའི་རྡོ་རྗེ་གནས་བདུན་དང་། དེའི་གྲངས་ངེས། གོ་རིམ། དེ་བཞིན་དུ་གནད་ཆེ་བའི་ཚིགས་བཅད་རྣམས་ཀྱི་དགོངས་པ་དང་། བྱམས་ཆོས་ལྔའི་དགོངས་དོན་སོགས་ལ་རིགས་པའི་ལམ་གྱི་སྒོ་ནས་མཐའ་དཔྱད་མཛད་ཡོད་ཅིང་། འགྲེལ་པ་འདིའི་བཞེད་པ་ནི་གཞན་སྟོང་ཡིན་པ་གསལ་པོར་བཀོད་ཡོད་ཅིང་། མཛད་པ་པོའི་བླ་མ་བསམ་ནམས་བཟང་པོ་དང་དཔལ་ལྡན་རྒྱལ་མཚན་ཡིན་པ་ཁ་གསལ་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་ལེགས་བཤད་ཐོགས་མེད་ཞལ་ལུང་ནི། འབྲི་གུང་ཆེ་ཚང་དཀོན་མཆོག་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ་ནས་ཉེ་ཆར་མཛད་པ་སྟེ། འགྲེལ་པ་འདི་གོ་བདེ་ཞིང་ཚིག་མང་ཉུང་རན་པ་ཞིག་སྟེ། རྒྱུད་བླ་མའི་དགོངས་དོན་འབྲི་གུང་པའི་བཞེད་པ་དང་མཐུན་པར། རིགས་ཆོས་དབྱིངས་འདུས་མ་བྱས་ལ་ངོས་འཛིན་བྱས་ཏེ། ངོ་བོ་སྟོང་པ་དང་རང་བཞིན་འོད་གསལ་བ་སངས་རྒྱས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་པར་བཀྲལ་ཞིང་། རིགས་སྟོང་པ་ཙམ་དུ་འདོད་པའི་ལུགས་དང་མི་སྟོང་བདེན་གྲུབ་ཏུ་འདོད་པའི་ལུགས་གཉིས་ཀ་བཀག་ཡོད་པ་ཡིན། སྔོན་བརྗོད་དུ་བཀའ་བརྒྱུད་པ་སྒྲུབ་པ་གཙོ་བོར་བྱེད་དགོས་ཀྱང་གསུངས་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་བ་རིགས་ཁམས་བདེ་གཤེགས་སྙིང་པོའི་མེ་ལོང་ནི། དེང་རབས་ཀྱི་མཁས་པ་ཁྲོ་རུ་ཚེ་རྣམ་ནས་མཛད་པ་སྟེ། འགྲེལ་པ་འདི་ཉིད་རྒྱས་ཞིང་གོ་བདེ་བ་ཡོད་ཅིང་། བོད་སྐད་ཕལ་ཚིག་ཀྱང་མང་ལ་ཕལ་ཆེར་གསུང་ཆོས་ལ་གཞི་བཟུང་ནས་ཡིག་ཐོག་ཏུ་ཕབ་པར་སྣང་། རྒྱུད་བླ་མའི་བསྟན་བཅོས་རྩིས་སྒོ་ཡན་ལག་ལྔའི་སྒོ་ནས་གཏན་ལ་ཕབ་ཅིང་། བཤད་ལུགས་མི་མཐུན་པ་རྣམས་བསྟན་པ་ཐམས་ཅད་དགོངས་པ་འགལ་མེད་ཀྱི་ཚུལ་དུ་གསུངས་ཤིང་། རང་གི་འདོད་པ་བདེ་གཤེགས་སྙིང་པོ་ངོ་བོས་མི་སྟོང་པར་དྲི་མས་སྟོང་པར་བཀོད་ཡོད།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་ངེས་དོན་གསལ་བར་བྱེད་པའི་འོད་ཟེར་ནི། རྒྱལ་སྲས་དངུལ་ཆུ་ཐོགས་མེད་བཟང་པོས་ཨེའི་ཆོས་གྲྭར་མཛད་པ་སྟེ། འགྲེལ་པ་གོ་བདེ་ཞིང་ཚིག་མི་མང་བ། སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཁམས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས། ངོ་བོ་ལ་དྲི་མས་གོས་པ་མེད་པ། སངས་རྒྱས་ཀྱི་ཆོས་གངྒའི་ཀླུང་གི་བྱེ་མ་སྙེད་རང་ཆས་སུ་ཡོད་པར་བཤད་ཅིང་། དགག་བཞག་གི་སྤྲོས་པ་མེད་པར་རིགས་ཁམས་མངོན་དུ་བྱེད་པའི་ལམ་གྱི་ཆ་ལག་ཐོས་བསམ་གལ་ཆེ་བ་ལས་འཕྲོས་ཏེ་གཞུང་གི་འགྲེལ་པ་གསུངས།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་ནི། རྙིང་མའི་མཁས་མཆོག་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་མཛད་པ་སྟེ། གཙོ་བོར་བསྟན་བཅོས་རྒྱུད་བླ་མའི་ཚིག་གི་འགྲེལ་པ་ཡིན་ཅིང་། ཐག་དཔྱོད་དང་སྤྱི་དོན་བཤད་མེད་ལ། རྒྱུད་བླ་མའི་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་།། ཞེས་པའི་ཚིགས་བཅད་ཀྱིས་གཙོས་པའི་རྒྱུད་བླའི་བརྗོད་དོན་གྱི་སྤྱི་དོན་དང་མཐའ་དཔྱད་ནི་སྟོང་ཐུན་སེང་གེ་ང་རོའི་ནང་དུ་གསུངས་ཡོད། འོན་ཀྱང་ཚིག་འགྲེལ་འདིའི་ནང་ཡོད་པའི་རྒྱུད་བླ་མའི་ས་བཅད་ཚིགས་བཅད་མ་ནི་རྒྱུད་བླའི་དགོངས་པ་རྟོགས་པ་ལ་ཤིན་ཏུ་ཕན་པའི་ཆ་ལག་ཞིག་ཡིན།།  +
སངས་རྒྱས་ཕལ་པོ་ཆེ་ནི་ཐེག་པ་ཆེན་པོའི་མདོ་ཤིན་ཏུ་རྒྱས་པ་ཞིག་ཡིན་ཅིང་། དེའི་ནང་དུ་མདོ་སྡེ་ས་བཅུ་པ་དང་སྡོང་པོ་བཀོད་པ་སོགས་མདོ་མང་དུ་ཡོད་པ་དང་། བརྗོད་དོན་ལ་སངས་རྒྱས་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཞིང་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་བཀོད་པ་དང་། དེ་བཞིན་རྡུལ་གཅིག་སྟེང་དུ་རྡུལ་སྙེད་ཀྱི་ཞིང་བཞུགས་པ་སོགས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ས་བཅུ་སོགས་བསྟན་ཡོད་པ་ཡིན།  +
འཕགས་པ་རྔོ་བོ་ཆེ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གསུངས་པ་སྟེ། འཁོར་གཙོ་བོ་འོད་སྲུང་དང་དགའ་བོ་ལ་སོགས་པ་དགེ་སློང་དང་བྱང་ཆུབ་སེམས་དཔའི་ཚོགས་ལ། རྒྱལ་པོ་གསལ་བྱེད་ཀྱིས་དམག་གི་རྔ་བོ་ཆེ་བརྡུང་བ་ལ་དཔེར་བྱས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་རྔ་བོ་ཆེ་བརྡུང་བ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་བརྟན་པ་ཐེར་ཟུག་ཞི་བའི་རང་བཞིམ་ཡིན་པའི་སྐོར་བསྟན་པས། མདོ་འདི་གཤེགས་སྙིང་བསྟན་པའི་མདོ་གྲལ་དུ་བཞག་ཅིང་། སྔ་འགྱུར་གྱི་སྐབས་སུ་བསྒྱུར་ཏེ་དཔལ་བརྩེགས་ཀྱིས་ཞུས་དག་བྱས་པའོ།།  +
དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་པ་སྙིང་པོ་རབ་གསལ་ནི། ཞང་སྟོན་བསོད་ནམས་གྲགས་པས་མཛད་པ་སྟེ། ཕལ་ཆེར་མདོ་འདི་ནི་བོད་ཀྱི་འགྲེལ་པ་གཅིག་པུ་ཡིན་པར་སྣང་ལ། བརྗོད་དོན་མདོ་འདི་ཉིད་ཀྱིས་ངེས་དོན་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་བསྟན་པར་བཤད་ཅིང་། ཀུན་གཞི་སངས་རྒྱས་ཀྱི་སྙིང་པོ་ཡིན་པ་བཀག་པ་དང་། སྙིང་པོ་བསྟན་པའི་མདོ་དྲང་དོན་ཡིན་པ་བཀག་ཅིང་། དཔེ་དགུས་བཤད་པ་རྒྱས་པར་ཕྱེ་ནས་དེ་བཞིན་གཤེགས་པའི་སྙིང་གཞན་སྟོང་གི་ཚུལ་དུ་བཀྲལ་ཡོད་པ་ཡིན།  +
མདོ་འདི་ནི་ གནས་བརྟན་པའི་སྡེ་སྣོད་དུ་བཞུགས་པའི་སོར་མོའི་ཕྲེང་བའི་མདོ་དང་མཚན་མཚུངས་ཀྱང་། འདིར་ཐེག་པ་ཆེན་པོའི་བརྗོད་དོན་བསྟན་ཅིང་བདེ་གཤེགས་སྙིང་པོ་བསྟན་པའི་མདོའི་གྲལ་དུ་བཞག་པ་དང་། སོར་མོའི་ཕྲེང་བས་སློབ་དཔོན་གྱི་བཀའ་ཁུར་ཏེ་མི་དགུ་རྒྱ་གོ་དགུ་བསད་པའི་ལོ་རྒྱས་ལས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ལ་འཇུག་པ་དང་། འཇམ་དཔལ་དང་སོར་མོའི་ཕྲེང་བའི་བར་དུ་དོན་དམ་པའི་གནས་ལུགས་ཀྱི་དྲི་ལན་བྱས་པ་དང་། བདེ་གཤེགས་སྙིང་པོ་ལ་དྲི་མས་སྟོང་པའི་རྣམ་བཞག་སོགས་བཀོད་ཡོད་པ་ཡིན།  +
གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ཞེས་བྱ་བ་འདིའི་མཚན་དངོས་ནི། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ཡིན་ཏེ། མདོ་འདིར་སྟོན་པ་བཅོམ་ལྡན་འདས་ལ་དྲི་བ་པོ་གཙོ་བོ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཡིན་པས་མཚན་དེ་ལྟར་ཆགས། མདོ་འདི་ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མའི་ནང་དུ་ ཁུངས་གཏུགས་ཀྱི་མདོ་གཙོ་བོར་དྲངས་ཤིང་། བརྗོད་བྱ་གཙོ་བོར་བྱང་ཆུབ་སེམས་དཔའི་རྒྱན་བཞི། སྣང་བ་བརྒྱད། སྙིང་རྗེ་རྣམ་པ་བཅུ་དྲུག ལས་སུམ་ཅུ་རྩ་གཉིས་དང་། སངས་རྒྱས་ཀྱི་བྱང་ཆུབ། ཡོན་ཏན་དང་འཕྲིན་ལས་རྣམས་བསྟན་ཡོད་པ་ཡིན།  +
བློ་གྲོས་རྒྱ་མཚོས་ཞུས་པའི་ཐེག་པ་ཆེན་པོའི་མདོ་འདི་ནི། འདུས་པ་ཆེན་པའི་ཆོས་ཀྱི་ཁོངས་སུ་གཏོགས་པ་སྟེ། བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་སོགས་ཐེག་པ་ཐུན་མོང་དང་། ཆོ་འཕྲུལ་གསུམ། ཕར་ཕྱིན་དྲུག་ ཐེག་པ་གཅིག་ ཆོས་གཅིག་གི་རྣམ་གྲངས། གཅེས་སྤྲས་སུ་བྱེད་པའི་ཆོས་གཉིས་དང་། དཀའ་བ་བྱེད་པའི་ཆོས་གཉིས་སོགས་ཐེག་པ་ཆེན་པོའི་བརྗོད་དོན་དུ་མ་བསྟན་པའི་མདོ་ཡིན། མདོ་འདི་ཞུ་བ་པོ་གཙོ་བོ་འོག་གི་ཕྱོགས་ཀྱི་འཇིག་རྟེན་ནས་འོང་པའི་བྱང་ཆུབ་སེམས་པ་བློ་གྲོས་རྒྱ་མཚོ་ཡིན་པས་མཚན་དེ་ལྟར་ཆགས་ཤིང་། བཅོམ་ལྡན་འདས་ཀྱིས་མདོ་འདི་ཉན་ཐོས་ཀུན་དགའ་བོ་ལ་གཏད་ཡོད་པ་ཡིན།  +
འཕགས་པ་རྒྱ་ཆེར་རོལ་པའི་མདོ་ནི། སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་རྣམས་ཐེག་པོ་ཆེན་པོའི་དབང་དུ་བྱས་ཏེ་བཀོད་པ་སྟེ། སྟོན་པ་ལྷའི་ཡུལ་དགའ་ལྡན་ནས་འབབས་པ་ནས་བརྩམས་ཏེ། སྐུ་བལྟམས་པ་དང་། རྒྱལ་སྲིད་ལ་རོལ་པ་དང་། རབ་ཏུ་བྱུང་བ། བདུད་བཏུལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐོག་མར་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ་དགེ་འདུན་གྱི་སྡེ་བཙུགས་པའི་ལོ་རྒྱུས་རྣམས་རྒྱས་པར་བཀོད་པ་ལེའུ་༢༧ གྱི་བདག་ཉིད་ཅན་ཡིན། འདི་ཉིད་སྟོན་པས་མཉན་ཡོད་དུ་སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། གནས་གཙང་མའི་ལྷ་རྣམས་ཀྱིས་ཞུས་པ་ལྟར་གསུངས་པ་སྟེ། ད་ལྟ་ལེགས་སྦྱར་དང་། རྒྱ་ནག་གི་སྐད་དང་། བོད་སྐད་དུ་འགྱུར་བ་རྣམས་བཞུགས་ཡོད་པ་ཡིན།  +
བསྟན་བཅོས་འདི་ནི་ན་རོ་པས་མཛད་ཅིང་མར་པས་བོད་སྐད་དུ་བསྒྱུར་པ་སྟེ། དེའི་བརྗོད་བྱ་གཙོ་བོ་འཁོར་འདས་ཀྱི་རྩ་བ་སེམས་སུ་གཏན་ལ་ཕབ་ཅིང་། སེམས་ཉིད་ཡོད་མེད་མཐའ་ལས་འདས་སྟོང་པ་དེ་ལ། མདོ་ལས་རིགས་དང་། རང་རིག་སྤྲོས་བྲལ། དེ་བཞིན་གཤེགས་པའི་སྙིང་པོ་སོགས་དང་། རྒྱུད་སྡེར་རིགས་དྲུག་པ་དང་། རྡོ་རྗེ་སེམས་དཔའ། དབང་བཞི་པ་ལ་སོགས་པའི་ཐ་སྙད་ཀྱིས་བསྟན་ཡོད་པར་གསུངས་ཤིང་། དེ་ཉིད་དྲི་མ་སྤངས་ན་སངས་རྒྱས་ཀྱི་ཡེ་ཤེས་དང་ཁྱད་མེད་པར་གསུངས་ཤིང་། དེ་ལྟ་བུའི་ལྟ་བའི་ཁྱད་པར་ལེགས་པར་ཁོང་དུ་མ་ཆུད་ན་སྒོམ་པ་དང་སྤྱོད་པ་ལ་འཁྲུལ་ནས་འབྲས་བུ་མི་འཐོབ་པར་གསུངས་ཡོད་པ་ཡིན།  +
འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་འདི་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་བཞུགས་ཏེ། ཞུ་བ་པོ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སྟོན་པའི་བྱིན་རླབས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་གསུངས་པ་སྟེ། བརྗོད་དོན་གཙོ་བོ་སངས་རྒྱས་ཀྱི་མཛད་པ་སེམས་ཅན་སོ་སོར་གང་ལ་གང་འདུལ་དུ་མི་འདྲ་བར་སྣང་ཡང་། སངས་རྒྱས་ཆོས་ཀྱི་སྐུ་ལ་རྣམ་པར་རྟོག་པ་མེད་པར་སེམས་ཅན་གྱི་ངོར་འཕྲིན་ལས་ལྷུན་གྱིས་གྲུབ་པ་སྟེ། བེེ་ཌུརྱའི་ནོར་བུ་དང་། ས་དང་ནམ་མཁའ། སྒྱུ་མའི་གཟུགས་དང་ཉི་མའི་དཀྱིལ་འཁོར་ལ་སོགས་དཔེ་དུ་མའི་སྒོ་ནས་དེ་བཞིན་གཤེགས་པ་ལ་རྣམ་རྟོག་མེད་ཀྱང་འགྲོ་དོན་འབད་མེད་བྱུང་བར་བསྟན་པ་དང་། དེ་བཞིན་གཤེགས་པ་རྟག་པ་བརྟན་པ་ཐེར་ཟུག་ཡིན་པ་དང་། དེ་ལྟར་ལྟ་བའི་ཕན་ཡོན་དཔག་ཏུ་མེད་པ་ཡོད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔས་སྟོབས་བཅུ། གཏེར་བཅུ། དབང་བཅུ། ཏིང་ངེ་འཛིན་དང་གཟུངས་ལ་སོགས་པ་འཐོབ་པ་དང་། དེ་བཞིན་མདོ་འདི་ལ་མོས་ན་བསོད་ནམས་དང་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་གསུངས་ཡོད།  +
རི་ཆོས་ངེས་དོན་རྒྱ་མཚོ་ཞེས་བྱ་བ་མཐར་ཐུག་ཐུན་མོང་མ་ཡིན་པའི་མན་ངག་ནི། ཇོ་ནང་གི་མཁས་པ་ཆེན་པོ་དོལ་པོ་པ་ནས་མཛད་པ་སྟེ། འདི་ནི་གཞན་སྟོང་དབུ་མའི་རྣམ་བཞག་རྒྱས་པར་གཏན་ལ་ཕབ་པའི་གཞུང་ཆེན་ཞིག་སྟེ། འདིར་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་མདོ་རྒྱུད་ཀྱི་དགོངས་པ་མཐར་ཐུག་པ་བསྟན་ཅིང་། དེ་ཡང་དབུ་མ་རང་སྟོང་དང་གཞན་སྟོང་གཉིས་ལས་བཀའ་བར་པའི་དགོངས་པ་རང་སྟོང་དེ་དོན་དམ་མཐར་ཐུག་མིན་པར་བཀའ་མཐའ་མའི་དགོངས་དོན་གཞན་སྟོང་། གཞི་ཁམས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཆོས་རྣམ་པ་ཀུན་དང་ལྡན་པ་དེ་ཉིད། ཀུན་རྫོབ་གློ་བུར་བའི་ཆོས་ཀྱི་སྟོང་པ་དེ་གནས་ལུགས་མཐར་ཐུག་ཏུ་བཞེད་པའི་ལུང་དང་རིགས་པ་ཤིན་ཏུ་ཟབ་ཅིང་རྒྱས་པའི་སྒོ་ནས་བསྟན་ཡོད་པ་ཡིན། གཞུང་འདི་ནི་བོད་དུ་གཞན་སྟོང་དབུ་མ་ཆེན་པོའི་རིང་ལུགས་ཀྱི་རྩ་གཞུང་དུ་གྱུར་ཡོད་པ་ཡིན།  +
འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་ནི། མཚན་གཞན་བུ་མོ་རིན་ཆེན་གྱིས་ཞུས་པ་ཞེས་ཀྱང་གསུངས་ཏེ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་བདེ་བར་གཤེགས་པའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་དང་མཚན་སུམ་ཅུ་སོ་གཉིས་ཀྱི་ཁུངས་སུ་དྲངས་ཡོད་པ་ཡིན། མདོ་འདི་ནི་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཏུ་གསུངས་པ་དང་། ཞུ་བ་པོ་གཙོ་བོ་བུ་མོ་རིན་ཆེན་ཡིན་ཅིང་། བརྗོད་དོན་ལ་བདེན་པ་སྨྲ་བ། ཆོས་སྨྲ་བ། དོན་སྨྲ་བ། འདུལ་སྨྲ་བ་དང་། བྱང་ཆུབ་སེམས་བསྐྱེད་དང་སོ་སོར་ཡང་དག་པའི་རིག་པ་བཞི་དང་། སངས་རྒྱས་ཀྱི་ཡོན་ཏན་དྲུག་བཅུ་རེ་བཞི་སོགས་བསྟན་པ་དང་། བུ་མོ་རིན་ཆེན་ཕྱིས་སུ་སངས་རྒྱས་པའི་ལུང་བསྟན་གནང་དང་། ཕྱིར་མི་ལྡོག་པའི་ཕྱག་རྒྱ་སོགས་བསྟན་ཡོད་ཀྱང་། ཐད་ཀར་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་མེད།  +
འཕགས་པ་རྒྱན་སྟུག་པོ་བཀོད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ནི་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ རྒྱན་སྟུག་པོའི་ཞིང་དུ་བྱང་ཆུབ་སེམས་དཔའི་འཁོར་ལ་གསུངས་པ་དང་། དེའི་བརྗོད་དོན་ལ་ཐེག་པ་ཆེན་པོའི་དོན་སྣ་ཚོགས་པ་དང་། རྣལ་འབྱོར་སྤྱོད་པའི་གཞུང་ནས་བཤད་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་བསྟན་ཡོད་ཅིང་། རྣམ་ཤེས་ཚོགས་བརྒྱད་བཤད་དེ། ཀུན་གཞི་ནི་ཐམས་ཅད་ཀྱི་བཞིར་གསུངས་ཡོད་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཚིག་གིས་ཟིན་ནས་གསུངས་པ་དེ། ཀུན་གཞི་དང་གོ་དོན་གཅིག་པར་གསུངས། མདོ་འདིར་དབུ་སེམས་དང་སྔགས་ཀྱི་བརྗོད་དོན་དང་རྗོད་ཚིག་ཀྱང་ཡོད།  +
བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་འདི་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་དུ་གྲགས་པ། ཤམ་བྷ་ལའི་རིགས་ལྡན་པདྨ་དཀར་པོས་མཛད་པ་སྟེ། འདི་ནི་རིགས་ལྡན་འཇམ་དཔལ་གྲགས་པས་མཛད་པའི་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་ཡིན་ཅིང་། འདིར་ད་ལྟ་་དཔེ་མ་བཞུགས་པའི་རྩ་རྒྱུད་ཀྱི་ལུང་དྲངས་ཡོད་ཅིང་། བསྡུས་རྒྱུད་ཀྱི་འགྲེལ་པ་དང་པོ་ཡིན་པས་ཕྱིས་ཀྱི་དུས་འཁོར་གྱི་རྒྱུད་འགྲེལ་རྣམས་ཀྱི་གཞི་བཅོལ་ས་ཡིན། དེ་ནི་བོད་སྐད་དུ་འགྱུར་ཡོད་པ་མ་ཚད་སེམས་འགྲེལ་སྐོར་གསུམ་གྱི་ཡ་གྱལ་ཡིན་པས་འཆད་ཉན་ཡང་མང་དུ་བྱས་དང་བྱེད་བཞིན་ཡོད་པ་ཡིན།  +
དེ་བཞིན་གཤེགས་པའི་སྙིང་པོ་གཏན་ལ་དབབ་པའི་བསྟན་བཅོས་མཆན་ཅན་ནི། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་བསྟན་བཅོས་ཀྱི་མཆན། ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་མཛད་པ་སྟེ། གཞུང་བསྡུས་འདིར་རང་བྱུང་རྡོ་རྗེས་མདོ་རྒྱུད་ཀྱི་ཚིགས་དྲངས་ནས། གཞི་ཁམས་བདེ་གཤེགས་སྙིང་པོ་དེ་སེམས་ཅན་ཀུན་ལ་གནས་པ་དང་། གློ་བུར་གྱི་དྲི་མས་སྟོང་ཡང་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་རྣམས་ཡེ་ནས་རང་ཆས་སུ་ཡོད་པ་བསྟན་ཡོད་པ་ཡིན།  +
ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ནི། རྙིང་མའི་མཁས་གྲུབ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པས་མཛད་པ་སྟེ། འདིའི་བསྟན་དོན་ནི་ཐེག་པ་ཆེན་མདོ་སྔགས་ཀྱི་ལམ་ནོར་བར་ལེའུ་བཅུ་གསུམ་གྱི་བདག་ཉིད་དུ་བསྟན་པ་སྟེ། དེ་ཡང་ཐོག་མར་བློ་ལྡོག་རྣམ་པ་བཞི་དང་སྐྱབས་སེམས་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ལམ་དང་གསང་སྔགས་རྡོ་རྗེ་ཐེག་པའི་རྣམ་གཞག་རྒྱུད་བཞིའི་རྣམ་དབྱེ་ལ་སོགས་པ་སྤྱིར་བཏང་དང་། སྒོས་སུ་ཨ་ཏི་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རྒྱས་པར་བསྟན་པའི་ཉམས་ལེན་གྱི་ཁྲིད་དང་མན་ངག་གི་ཚུལ་དུ་བསྟན་ཡོད་པ་སྟེ། འདིའི་རངའགྲེལ་གླེགས་བམ་གཉིས་ཡོད་ཅིང་། བདེ་གཤེགས་སྙིང་པོའི་དགོངས་པ་གསལ་སྟོང་ཟུང་འཇུག་ཡོན་ཏན་རང་ཆས་སུ་ཡོད་པའི་ངེས་དོན་དུ་བསྟན་ཡོད་པ་ཡིན།།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱི་ཀྐ་ནི་རྒྱལ་ཚབ་དར་མ་རིན་ཆེན་ནས་མཛད་པ་སྟེ། རྗེ་འདི་ཉིད་ཀྱིས་སྔར་རེད་མདའ་བ་གཞོན་ནུ་བློ་གྲོས་ནས་དང་། ཕྱིས་སུ་རྗེ་བློ་བཟང་གྲགས་པ་ནས་རྒྱུད་བླ་མའི་ཆོས་ཁྲིད་ཞུས་ཤིང་། གུང་རུ་རྒྱལ་མཚན་བཟང་པོ་སོགས་ནས་བསྐུལ་ངོར་གནས་སྙིང་གི་གདན་སར་བརྩམས་པ་དང་། འགྲེལ་པ་རྣམ་བཤད་འདིར་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་མ་གྲུབ་པའི་སྟོང་ཉིད་དྲི་བཅས་དེ་བཞིན་ཉིད་ལ་ངོས་བཟུང་ནས་གང་ཟག་དང་ཆོས་ཀྱི་བདག་དང་བྲལ་ཞིང་། བླ་ན་མེད་པའི་ཡོན་ཏན་སྐྱེད་པའི་ལམ་གྱི་དམིགས་པ་དོན་དམ་བདེན་པ་བྲལ་མི་རུང་བར་ཡོད་པར་གསུངས།  +
ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཞེས་བྱ་བ་ནི། རྒྱལ་ཚབ་བྱམས་པས་མཛད་པར་གྲགས་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་སྟེ། བྱམས་པས་དགའ་ལྡན་དུ་ཐོགས་མེད་ལ་གནང་ནས་ཐོགས་མེད་ཀྱི་མི་ཡུལ་དུ་སྤེལ་བར་གྲགས་ཤིང་། བསྟན་བཅོས་ལེའུ་ཉེར་གཅིག་གི་བདག་ཉིད་ཅན་འདི་ཡི་བསྟན་དོན་ནི། ཐེག་པ་ཆེན་པོ་བཀར་སྒྲུབ་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་གཞག་རྒྱས་པར་གསུངས་ཡོད་པ་དང་། རིགས་ཀྱི་སྐོར་ཐེག་པ་གསུམ་དང་མ་ངེས་པ་རིགས་ཆད་ཅེས་ལྔར་གསུངས་ཤིང་། བསྟན་བཅོས་འདི་ལ་རྒྱ་བོད་ཀྱི་འགྲེལ་པ་ཡང་མང་དུ་ཡོད་པ་ཡིན།  +
སྟོང་ཐུན་གནད་ཀྱི་ཟིན་ཐུན་ནི་དུས་རབས་ཉི་ཤུ་པའི་རྙིང་མའི་མཁས་པ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་མཛད་པ་སྟེ། འདི་ཡི་བསྟན་དོན་གཙོ་བོ་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་སྟོང་ཐུན་སེང་གེའི་ང་རོའི་ནང་གསུངས་ཡོད་པའི་བདེ་གཤེགས་སྙིང་པོའི་སྐོར་གྱི་དགོངས་པ་གསལ་ཡོད་ཅིང་། ཚད་མ་ལ་རྣམ་གྲངས་དང་རྣམས་གྲངས་མིན་པའི་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་གཉིས་དང་། ཚུར་མཐོང་དང་དག་པའི་གཟིགས་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་གཉིས་ཏེ་བཞི་རུ་ཕྱེ་ནས། བདེ་གཤེགས་སྙིང་པོའི་སྟོང་ཆ་རྣམ་གྲངས་མིན་པའི་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པ་དང་། དེའི་གསལ་ཆ་དག་གཟིགས་ཚད་མས་གཏན་ལ་ཕབ་པར་བཤད་དེ། བཀའ་བར་མཐའ་གཉིས་ཀ་ངེས་དོན་བསྟན་པའི་མདོ་དང་། དབུ་མ་འཇུག་པ་དང་རྒྱུད་བླ་སོགས་དགོངས་པ་འགལ་མེད་དུ་བསྒྲུབས་ཡོད་པ་ཡིན།  +
རྒྱུད་བླ་མའི་འགྲེལ་པ་མདོ་དང་སྦྱར་བ་ངེས་པའི་དོན་གྱི་སྣང་བ་ནི། རིན་ཆེན་ཡེ་ཤེས་ཀྱི་མཛད་ཅིང་། ཇོ་ནང་དཔེ་ཚོགས་ཀྱི་ཡ་གྱལ་དུ་པར་སྐྲུན་བྱས་པ་དང་། འབྲས་སྤུངས་དཔེ་མཛོད་ནས་ཀྱན་རྙེད་ཡོད་པ་སྟེ། རྒྱུད་བླ་མའི་འགྲེལ་པ་འདིར། འཕགས་པ་ཐོགས་མེད་ཀྱི་འགྲེལ་པར་དྲངས་པའི་མདོ་རྣམས་ངོས་འཛིན་བྱས་ཏེ་མཚན་སྨོས་ཡོད་པ་དང་། མདོ་ལ་ལ་བོད་སྐད་དུ་མ་འགྱུར་བ་དང་འགྱུར་ཡང་མ་རྙེད་པ་རྣམས་མཚན་མ་སྨོས་པའི་སྐོར་གསུངས་ཡོད་པ་དང་། རྒྱུད་བླ་མའི་དགོངས་པ་གཞན་སྟོང་གི་ལུགས་སུ་བཀྲལ་ཏེ་སེམས་ཉིད་བདེ་གཤེགས་སྙིང་པོ་ངེས་དོན་དོན་དམ་དུ་བཞེད་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བཤད་པ་ངེས་དོན་ནོར་བུའི་མཛོད་ནི། མི་ཉག་ཡེ་ཤེས་རྡོ་རྗེས་མཛད་པ་སྟེ། འགྲེལ་པ་དོན་རྒྱ་ཆེ་ལ་ཚིག་གསལ་བ་འདིར་བསྟན་བཅོས་ཀྱི་མཚན་བཏགས་པའི་ཐད་དུ་མང་དུ་གསུངས་ཤིང་། རྒྱུད་བླ་མའི་དགོངས་པ་ཆོས་ཉིད་གློ་བུར་གྱི་དྲི་མས་སྟོང་ཡང་བླ་མེད་ཡོན་ཏན་གྱིས་མི་སྟོང་པའི་དོན་དམ་གཞན་སྟོང་གི་ཚུལ་དུ་བཀྲལ་ཡོད་ཅིང་། སྔོན་གྱི་འགྲེལ་པ་མང་དུ་མཇལ་ནས་བརྩམས་ཡོད་པར་བཤད་ཅིང་། དཔེ་འདི་ཉིད་ཇོ་ནང་དཔེ་ཚོགས་ཀྱི་གྲལ་དུ་དཔེ་སྐྲུན་བྱས་ཡོད་པ་ཡིན།  +
དམ་ཆོས་དགོངས་པ་གཅིག་པ་ནི། འབྲི་གུང་པ་འཇིག་རྟེན་མགོན་པོས་ཞལ་ནས་གསུངས་པ། དབེན་པོ་ཤེས་རབ་འབྱུང་གནས་ནས་ཡི་གེར་བཀོད་པ་སྟེ། འབྲི་གུང་པའི་ཆོས་ཚུལ་རྩ་ཅན་ཞིག་སྟེ། འདིར་འབྲི་གུང་པ་འཇིག་རྟེན་མགོན་པོའི་བཞེད་པ་ཚོམས་བདུན་གྱི་ནང་དུ། རྡོ་རྗེ་ཚིག་བརྒྱ་དང་ལྔ་བཅུའི་སྒོ་ནས་གསུངས་པ་དང་། ལྷན་ཐབས་ཀྱི་བཞེད་པ་ཞེ་བདུན་བཅས་ཡོད་ཅིང་། བཞེད་པ་དེ་དག་གིས་འབྲི་གུང་པའི་གཞུང་གི་འཛིན་མཚམས་བསྟན་ཅིང་། གཞུང་འདི་ལ་འགྲེལ་པ་ཡང་དུ་མ་ཡོད།  +
རྡོ་རྗེ་གཅོད་པ་ནི། བརྗོད་བྱ་ཟབ་མོ་སྟོང་པ་ཉིད་སྟོན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བསྡུས་པ་ཞིག་སྟེ། ཐེག་པ་ཆེན་པོའི་ཆོས་བརྒྱུད་དར་ཡོད་པའི་ས་གནས་རྣམས་སུ་ཤིན་ཏུ་གྲགས་ཆེ། བོད་བརྒྱུད་དང་རྒྱ་བརྒྱུད་ནང་པའི་ཆོས་ལུགས་རྣམས་སུ་མདོ་འདི་ཁ་ཏོན་བྱེད་པ་མང་ཞིང་། ཧི་མ་ཡའི་ལུང་ཕྱོགས་འགའ་ཞིག་ལ་ཡི་གེའི་ཀློག་བསླབ་པའི་ཆེད་དུ་མདོ་འདི་ཀློག་སྲོལ་ཡོད། མདོ་འདིར་ཞུ་བ་པོ་གཙོ་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྟོན་པ་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་པའི་ལམ་ལ་སློབ་ཚུལ་ལས་བརྩམས་ཏེ་ཞུ་ཡོད་པ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ཚིག་དང་དོན་གྱི་ཆ་རྒྱ་ཆེར་བསྙད་པ་ཕྲ་བའི་དོན་གསལ་བ་ནི། བཀའ་གདམས་ཀྱི་མཁས་པ་གསང་ཕུའི་མཁན་རབས་དྲུག་པ་ཕྱ་པ་ཆོས་ཀྱི་སེངྒེས་མཛད་པ་སྟེ། འགྲེལ་པ་རྒྱས་ཡོད་ཅིང་དེའི་ས་བཅད་ཀྱང་རྒྱུད་བླའི་བསྡུས་དོན་ཞེས་ལོགས་སུ་བཀོད་ཡོད་པ་ཡིན། བསྟན་བཅོས་རྒྱུད་བླ་མ་ནི་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་དོན་བསྟན་པ་དང་། ཁམས་བདེ་གཤེགས་སྙིང་པོར་གང་ཟག་དང་ཆོས་ཀྱི་བདག་སོགས་ཡེ་ནས་མེད་པ་བཀག་པའི་མེད་དགག་དང་། སྟོབས་སོགས་ཡོན་ཏན་གསར་ཏུ་བསྒྲུབ་མ་དགོས་པར་ཡེ་ནས་ཡོད་པས་མ་ཡིན་དགག་གི་སྟོང་ཉིད་བསྟན་པར་བཤད་ནས་ཡོད།  +
སྡོམ་པ་གསུམ་གྱི་རབ་དུ་དབྱེ་བ་ཞེས་བྱ་བ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པའི་བསྟན་བཅོས་ཞེས་མཛད་བྱང་དུ་བཀོད་པའི་གཞུང་འདི་ནི། དཔལ་ས་སྐྱའི་མཁས་པ་ཆེན་པོ་ཀུན་དགའ་རྒྱལ་མཚན་ནམ་ས་སྐྱ་པཎ་ཆེན་གྱིས་མཛད་པ་སྟེ། འདིའི་བརྗོད་དོན་གཙོ་བོ་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ། གསང་སྔགས་ཀྱི་དམ་ཚིག་ལས་བརྩམས་པའི་ཆོས་ཀྱི་ཉམས་ལེན་དང་། ཆོས་ཀྱི་ཚུལ་རྣམས་ཡང་དག་ཡིན་མིན་གྱི་དབྱེ་དཔྱད་བྱེད་པའི་རྩོམ་ཆོས་ཞིག་ཡིན། འདིར་ཕག་མོའི་བྱིན་རླབས་དང་། དཀར་པོ་གཅིག་ཐུབ་སོགས་བཀའ་བརྒྱུད་པའི་ཕྱག་སྲོལ་འགའ་དང་། གཏེར་ཆོས་དང་ཐེག་པ་རིམ་དགུ་སོགས་རྙིང་མའི་བཞེད་པ་འགའ་དང་། དེ་བཞིན་དུ་རྒྱ་ཆེན་སྤྱོད་སྲོལ་གྱི་སེམས་བསྐྱེད་འབོད་ཆོག་སེམས་ཅན་ཀུན་ལ་བྱས་པ་དང་། གནས་དང་རིང་བསྲེལ། ལེགས་སྦྱར་གྱི་ཆོས་ཀྱི་ཐ་སྙད་འགའ་གོ་ལོག་ཏུ་ལེན་པའི་སྐོར་རྣམས་བཀོད་ཅིང་། བདེ་གཤེགས་སྙིན་པོ་དྲང་དོན་དང་། དགོངས་གཞི་ སྟོང་ཉིད་ཆོས་ཀྱི་དབྱིངས་ལ་གོ་དགོས་པར་གསུངས་ཡོད།  +
བདེ་གཤེགས་སྙིང་པོའི་ཡོན་ཏན་ཅན་གྱི་མེ་ལོང་ངམ། མཚན་གཞན་ཆོས་དབྱིངས་དུ་མ་རོ་གཅིག་བདེ་གཤེགས་སྙིང་པོའི་ཡོན་ཏན་ཅན་གྱི་མདོ་སྡེ་ཞེས་པ་འདི་ནི། ཇོ་ནང་དོལ་པོ་པས་མཛད་པ་སྟེ། ཁ་ཅིག་གིས་བདེ་གཤེགས་སྙིང་པོ་ལ་སྟོབས་སོགས་ཡོན་ཏན་རང་ཆས་སུ་མེད་ཅིང་། དེ་ལྟར་ཡོད་པར་གསུངས་པའི་མདོ་རྣམས་དགོངས་པ་ཅན་དྲང་དོན་བསྟན་པའི་མདོ་ཡིན་པར་བཤད་པ་དེ་ལ་ལན་དུ། ལུང་མང་དུ་དྲངས་ཤིང་རིགས་པའི་སྒོ་ནས། བདེ་གཤེགས་སྙིང་པོ་ལ་སྟོབས་སོགས་ཡོན་ཏན་རྣམས་རང་ཆས་སུ་ཡོད་པའི་འདུས་མ་བྱས་པའི་ཆོས་ཉིད་ཡིན་པར་བསྟན།  +
དཀོན་མཆོག་གི་རིགས་་རྣམ་པར་འབྱེད་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ནི་རྒྱལ་ཚབ་བྱམས་པ་མགོན་པས་མཛད་པར་གྲགས་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཏེ། སངས་རྒྱས་ཀྱི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ཡོད་ཅིང་། དཀོན་མཆོག་གསུམ་དང་། ཁམས། བྱང་ཆུབ། ཡོན་ཏན། སངས་རྒྱས་ཀྱི་འཕྲིན་ལས་བཅས་རྡོ་རྗེའི་གནས་བདུན་བསྟན་པ་དང་། འདི་ཉིད་རྒྱ་ནག་ཏུ་འགྱུར་ཡོད་ཀྱང་མཛད་པ་པོ་སྙིང་པོའི་བློ་གྲོས་ཞེས་པ་ཞིག་ཡིན་པར་བཀོད་ཡོད་ཅིང་། བོད་སྐད་དུ་འགྱུར་དྲུག་ཙམ་འབྱུང་ཡོད་ཀྱང་། གཙོ་བོར་རྔོག་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བ་དེ་ཡིན།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་དོན་གསལ་བར་བྱེད་པའི་རིན་པོ་ཆེའི་སྒྲོན་མེ་ནི། གསང་ཕུའི་སློབ་དཔོན་བློ་གྲོས་མཚུངས་མེད་ཀྱི་མཛད་པ་སྟེ། རྒྱུད་བླ་མའི་དགོངས་པ་གཞི་ཁམས་བདེ་གཤེགས་སྙིང་པོ་སྟོང་རྐྱང་མེད་དགག་ཙམ་མིན་པར་གསལ་སྟོང་གི་ཆོས་ཉིད་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་རང་ཆས་སུ་ཡོད་པར་བསྟན་ཏེ། སྔར་གྱི་གསང་ཕུའི་འགྲེལ་པ་མཛད་པ་པོ་འགའ་དང་མི་མཐུན་ཞིང་། རྙིང་མའི་དགོངས་པ་དང་མཐུན་པས་ཕྱིས་ཀྱི་རྙིང་མའི་རྗེས་འཇུག་འགའ་ཡིས་འགྲེལ་པ་འདི་ཉིད་ཀློང་ཆེན་པས་མཛད་པར་ལོག་པར་འཛིན་ཡོད་པ་ཡིན།  +
ཐེག་པ་ཆེན་པོའི་རྒྱུད་བླ་མའི་ཏི་ཀ་རྒྱན་གྱི་མེ་ཏོག་ནི། སྣར་ཐང་གི་མཁས་པ་ཆེན་པོ་བཅོམ་ལྡན་རིག་པའི་རལ་གྲི་ནས་མཛད་པ་སྟེ། འདིར་རིག་རལ་ནས་རྒྱུད་བླ་མའི་གཞུང་གི་སྤྱི་ཁོག་མདོ་དང་རྒྱུད་ཀྱི་ལུང་ཁུངས་རྣམས་བཀོད་དེ་སྦྱར་ཡོད་པ་སྟེ། ཚིག་འགྲེལ་ནི་མིན་ལ། ས་བཅད་དང་སྤྱི་དོན་བསྟན་པའི་ཚུལ་གྱིས་རྒྱུད་བླ་མའི་རྡོ་རྗེ་གནས་བདུན་གྱི་དོན་རྣམས་གསུངས་ཡོད་ཅིང་། མཛད་པ་པོ་རང་ཉིད་ཀྱི་དགོངས་པ་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཟག་མེད་ཀྱི་ཡོན་ཏན་རང་ཆས་བཞུགས་པ་དང་། བདེ་གཤེགས་སྙིང་པོ་ཆོས་ཉིད་དང་དབྱེར་མེད་པའི་རིག་པ་ཡིན་པ་དང་། དེ་དྲང་དོན་མིན་པར་ངེས་དོན་ཡིན་པ་སོགས་གསལ་པོར་གསུངས།  +
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཞེས་བྱ་བའི་མཆན་འགྲེལ་ནི། རྫོགས་ཆེན་མཁན་པོ་གཞན་ཕན་ཆོས་ཀྱི་སྣང་བས་མཛད་པ་སྟེ། རྙིང་མའི་ཆོས་སྡེ་རྣམས་སུ་གཞུན་ཆེན་བཅུ་གསུམ་ཞེས་པའི་ཡ་གྱལ་འགྲེལ་པ་ཞིག་སྟེ། འདིར་མཁན་པོ་གཞན་དགའ་ནས་ཐོགས་མེད་ཀྱི་འགྲེལ་པས་གཙོ་བོར་བྱས་པའི་རྒྱ་འགྲེལ་ལ་གཏུགས་ནས་མཆན་འགྲེལ་རགས་ཙམ་བཀོད་པ་ལས་གྲུབ་མཐའི་མཐའ་དཔྱོད་དང་འཇིན་མཚམས་སོགས་ཉུང་ཞིང་། དེ་ལ་བརྟེན་ནས་གཞུང་ཆེན་བཅུ་གསུམ་གྱི་འགྲེལ་པ་འདི་རིགས་ས་རྙིང་བཀའ་བརྒྱུད་ཀྱི་ཆོས་གྲྭ་མང་པོར་འཆད་ཉན་བྱེད་སྲོལ་ཡོད།  +
ཆོས་ཉིད་ཀྱི་ལམ་ཁྲིད་ནི་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ཀྱིས་མཛད་པ་སྟེ། འདིར་རྒྱལ་བ་བྱམས་པའི་དགོངས་པ་ མྱང་འདས་ཀྱི་རྒྱུ་རིགས་སེམས་ཀྱི་རང་བཞིན་འོད་གསལ་བ་དང་། དེ་ལས་འཁོར་བར་འཁྲུལ་ཚུལ། འཁོར་བ་སྣོད་བཅུད་ལས་ཐར་པའི་ལམ་དང་། འབྲས་བུ་སངས་རྒྱས་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་སྐུ། དེ་བཞིན་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་སྐོར་གསུངས་ཡོད་ཅིང་། ཆོས་འདི་བརྒྱུད་པའི་བླ་མ་རྣམས་ཀྱི་ཐོ་ཡང་བཀོད་ཡོད་པ་སྟེ། དཔེ་འདི་འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཉེ་ཆར་རྙེད་པའི་གྲས་ཡིན།  +
དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ནི། མགོན་པོ་བྱམས་པས་མཛད་ཅིང་སློབ་སློབ་དཔོན་ཐོགས་ལ་གནང་བར་གྲགས་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་གྱི་གཞུང་ཚིགས་སུ་བཅད་པའི་བདག་ཉིད་དེ། འདིའི་བསྟན་དོན་གཙོ་བོ་ཀུན་བཏགས། གཞན་དབང་། ཡོངས་གྲུབ་སྟེ་མཚན་ཉིད་གསུམ་གྱི་སྒོ་ནས་དངོས་པའི་གནས་ལུགས་ཡོད་མེད་ཡིན་མིན་ལ་སོགས་པའི་མཐའ་ཐམས་ལས་འདས་པའི་རྣམ་གཞག་གཏན་ལ་ཕབ་ཅིང་། མཁས་པ་ཕལ་མོ་ཆེས་གཞུང་འདི་ཉིད་ཀྱི་དགོངས་པ་སེམས་ཙམ་པའི་ལྟ་གྲུབ་བསྟན་པར་བཞེད་པ་ཡིན། གཞུང་འདི་ལ་རྒྱ་བོད་དུ་འགྲེལ་པ་མང་དུ་ཡོད་ཅིང་འཆད་ཉན་གྱི་རིམ་པ་ཡང་དར་ཡོད་ལ།  +
དེབ་ཐེར་སྔོན་པོ་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་ཆོས་འབྱུང་ལོ་རྒྱུས་ཀྱི་ཡིག་ཆ་གྲགས་ཅན་ཞིག་སྟེ། དུམ་བུ་བཅོ་ལྔ་པའི་བདག་ཉིད་ཅན་གྱི་རྩོམ་ཡིག་འདིར། རྒྱ་གར་དུ་སྟོན་པ་བྱོན་པ་དང་བསྟན་པ་དར་ཚུལ་དང་། བོད་དུ་རྒྱལ་པོ་བྱུང་ཚུལ་དང་། དམ་པའི་ཆོས་ཐོག་མར་སྲོལ་གཏོད་པ་ནས་བསྟན་སྔ་དར་གྱི་ཚུལ་དང་། དེ་བཞིན་ཕྱི་དར་གྱི་ལོ་རྒྱུས་ཀྱི་རིམ་པ་རྣམས་བཀོད་ནས། མདོ་སྔགས་ཀྱི་བཤད་སྲོལ་དང་སྒྲུབ་སྲོལ་དང་། དེ་བཞིན་ཆོས་ལུགས་སོ་སོའི་བརྒྱུད་པ་དར་ཚུལ་སོགས་ཀྱི་སྐོར་རྒྱས་པར་བསྟན་ཡོད་པ་ཡིན། དེ་བཞིན་གཤེགས་པའི་སྙིང་པོའི་སྐོར་ཡང་བསྟན་བཅོས་རྒྱུད་བླ་མ་དང་དེ་བཞིན་ཕྱག་རྫོགས་དུས་འཁོར་སོགས་ཀྱི་ལོ་རྒྱུས་སྐབས་བསྟན་ཡོད།  +
མདོ་སྡེ་དགོངས་པ་ངེས་འགྲེལ་ནི། བཅོམ་ལྡན་འདས་ཀྱི་ཆོས་འཁོར་རིམ་པ་གསུམ་ལས་ཆོས་འཁོར་ཐ་མའི་གྲལ་དུ་འཇོག་པའི་ཐེག་པ་ཆེན་པོའི་མདོ་ཞིག་སྟེ། མདོ་འདིའི་ནང་དུ་ཞུ་བ་པོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། བྱམས་པ། ཆོས་འཕགས། རབ་འབྱོར་ལ་སོགས་པ་རྣམས་ཀྱིས་ཞུས་ཤིང་། བརྗོད་བྱ་འདུས་བྱས་འདུས་མ་བྱས་དང་། ས་བཅུ། ཕྱིན་དྲུག ཚོགས་གཉིས། ཞི་ལྷག་ལ་སོགས་པ་རང་བཞིན་གྱིས་དམིགས་སུ་མེད་པ་དང་། གཅིག་ཐ་དད་དང་བྲལ་བའི་གཉིས་སུ་མེད་ཅིང་བརྗོད་དུ་མེད་པའི་ཆོས་ཉིད་དོན་དམ་དེ་གཏན་ལ་ཕབ་ཡོད་པ་ཡིན། མདོ་འདི་བསྟན་བཅོས་ཀྱི་འགྲོས་དང་མཐུན་པར་དྲང་ངེས་སོགས་རྣམ་པར་དཔྱད་དེ། དོན་དམ་པ་རྣམ་པར་རྟོག་པ་དང་རྟོག་གེའི་ཡུལ་ལས་འདས་པར་གསུངས་ཡོད་པ་ཡིན།  +